ཚང་མས་ཤེས་གསལ་ལྟར།རྒྱུན་དུ་མཚན་ལས་བྱས་ཚེ་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཡོད།ཚེས་17ཉིན་སྤེལ་བའི་ཨ་རིའི《རྒྱལ་ཁབ་ཚན་རིག་ཁང་གི་རིག་གཞུང་དུས་དེབ》ཐོག་ཞིབ་འཇུག་གསར་པ་བྱས་འབྲས་ལས་མངོན་པར།ངལ་གསོ་ལུགས་དང་མཐུན་པ་རྒྱག་མཁན་དང་བསྡུར་ཚེ“མཚན་ལས་བྱེད་མཁན”གྱི་ཉིན་རེའི་སྟོབས་ནུས་ཆུང་དུ་སོང་ནས་རྒྱགས་པ་ཆགས་ཉེན་ཆེན་པོ་ཡོད་པ་རེད།
ཞིབ་འཇུག་དེས་གཟུགས་གཞི་ཐང་བའི་དར་མ་14ལ་སྔ་རྗེས་སུ་ཉིན་6རིང་གི་རྗེས་འདེད་དབྱེ་ཞིབ་བྱས་ཤིང་།དང་ཐོག་ཉིན་གཉིས་ནང་ཞིབ་འཇུག་ནང་ཞུགས་མཁན་ཚོས་ངལ་གསོ་ལུགས་དང་མཐུན་པ་བརྒྱབ་པ་དང་དེ་རྗེས་ངལ་གསོའི་དུས་ཚོད་ལ་འགྱུར་ལྡོག་བཏང་ནས་ཉིན་3བསྟུད་མར་མཚན་ལས་བྱེད་དུ་བཅུག་ཡོད།ཞིབ་འཇུག་བྱེད་རིང་དེའི་ནང་ཞུགས་མཁན་ཚོས་ཁ་ལག་མང་ཉུང་དུས་རྒྱུན་ལྟར་ཟ་བ་དང་ཉིན་ལྟར་ཆུ་ཚོད་8གཉིད་ཁུག་ཏུ་བཅུག་ཡོད།
ཞིབ་འཇུག་གི་འགན་འཁུར་བ་ཁོའོ་ལུའོ་ལ་ཏུའོ་སློབ་ཆེན་གྱི་གཉིད་དང་སྐྱེ་དངོས་དུས་ཚོད་རིག་པའི་ཚོད་ལྟ་ཁང་གི་ཀྲུའུ་རེན་ཁེན་ཉི་སི·ལའེ་ཐེ་ཡིས་ལས་རེས་ཀྱི་ཉིན་དེ་ནས་བཟུང་ཞིབ་འཇུག་ནང་ཞུགས་མཁན་ཚོས་ཕྱི་དྲོ་གཉིད་འཁྱུག་ཙམ་ཉལ་གྱི་ཡོད་ནའང་ཉིན་དེར་རིག་པ་དྭངས་གསལ་གྱི་དུས་ཚོད་དུས་རྒྱུན་ལས་རིང་བ་ཡོད་པས་ཟད་གྲོན་གྱི་སྤྱིའི་ནུས་ཚད་དུས་རྒྱུན་ལས་མཐོ་བ་ཡོད་མོད།འོན་ཀྱང་དེ་རྗེས་ཀྱི་ཉིན་གཉིས་ཀྱི་མཚན་ལས་རིང་ཞིབ་འཇུག་ནང་ཞུགས་མཁན་གྱི་ཉིན་ལྟར་གྱི་ཟད་གྲོན་སྤྱིའི་ནུས་ཚད་དུས་རྒྱུན་ལས་ཉུང་བ་ཡོད།སྤྱིའི་ཆ་ནས་བརྗོད་ན།མཚན་ལས་བྱེད་མཁན་གྱི་ཉིན་གཅིག་ནང་གི་སྤྱིའི་ཟད་ཚད་12%ནས་16%བར་ཆག་གི་ཡོད་ཅེས་བརྗོད།