ད་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་ཉེན་ཟོན་གནས་ཚུལ་ཁྱོན་ཁྲི་ལྷག་ཙམ་རྩིས་བླངས་ནས་ཐག་གཅོད་བྱས་པ།
ཉེ་ཆར། གསར་འགོད་པར“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་10ཚེས་31ཉིན་བར་ལྗོངས་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་ཉེན་དོན་སྣ་ཚོགས་ཁྱོན་10923ཐག་གཅོད་བྱས་པའི་ནང་མེ་སྐྱོན་གྱི་གནས་ཚུལ་ཁག་439དང་། ཉེན་སེལ་རོགས་སྐྱོབ་ཀྱི་གནས་ཚུལ་ཁག་404 སྤྱི་ཚོགས་རོགས་སྐྱོབ་ཀྱི་གནས་ཚུལ་ཁག་961བཅས་ཡོད་པ་རེད། མེ་གསོད་རོགས་སྐྱོབ་མི་སྣ་མི་ཐེངས་ཁྲི་9ལྷག་ཙམ་དང་མེ་གསོད་རླངས་འཁོར་ཁག་ཐེངས་ཁྲི་1.8ལྷག་ཙམ་བཏང་ནས་ཉེན་གྱར་མི་སྣ་1442བསྐྱབས་པ་དང་ཁ་དཀྲམ་པ་མ་ཟད། ད་ལོའི་བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་དང་སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0སོགས་ཀྱི་གནོད་འཚེ་ཚབས་ཆེན་མང་པོའི་ཁྲོད་ཉེན་སེལ་རོགས་སྐྱོབ་ཀྱི་ལས་འགན་ཁུར་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།
གསར་འགྱུར་མགྲིན་ཚབ་པ་དང་བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་གཞོན་པ་ཝང་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཚུན་དུ་རང་ལྗོངས་ཀྱིས་གཙོ་གནད་ཤང་དང་གྲོང་རྡལ་སྲིད་གཞུང་གི་ཆེད་བསྐོས་མེ་གསོད་རུ་ཁག་དང་། འཕྲལ་སྡོམ་དང་མེ་གསོད་ཕྱོགས་བསྡུས་ཞབས་ཞུའི་ཁུལ(ས་ཚིགས)འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས“མཐའ་མཚམས་ཤང་དང་གྲོང་རྡལ་གྱི་མེ་གསོད་བདེ་འཇགས་སྲུང་སྐྱོང་ཚོགས་ཆུང”116མཉམ་དུ་བཙུགས་པ་དང་། དགོས་ངེས་ཀྱི་མེ་གསོད་ཡོ་བྱད་སྒྲིག་སྦྱོར་བྱས་ཏེ་ཤང་དང་གྲོང་རྡལ་135དང་སྲིད་འཛིན་གྲོང་ཚོ་999ལ་གློག་ཤུགས་སྐུད་ལམ་དང་རང་བྱུང་སོལ་རླངས་ཀྱི་མདོང་ལམ་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་བ། “འཕྲལ་སྡོམ་སྟོབས་ཤུགས་དང་མེ་ཟོན་ཟུང་འབྲེལ་དང་། ཉེན་རྟོག་པའི་སྟོབས་ཤུགས་དང་མེ་ཟོན་ཟུང་འབྲེལ། མཐའ་མཚམས་སྟོབས་ཤུགས་དང་མེ་ཟོན་ཟུང་འབྲེལ། དྲ་མིག་པའི་སྟོབས་ཤུགས་དང་མེ་ཟོན་ཟུང་འབྲེལ”ལུགས་བཞིའི་མཉམ་བཅོས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་བ། མེ་སྐྱོན་གྱི་ལས་འཛོལ་ཐོན་མང་བའི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་མེ་སྐྱོན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཐོན་བཟོ་ཡོད་པར་བྱང་བུ་བཀལ་ནས་སྒྲུབ་སྐུལ་བྱས་པ་དང་། གློག་སྒུལ་སྦག་སྦག་དང་། ཐོག་བརྩེགས་ཁང་ཆེན་གྱི་ཕྱིའི་དྲོད་སྲུང་རྒྱུ་ཆ། མེ་འབྲེལ་ལས་སྒྲུབ་སོགས་ཁྱབ་ཁོངས་ཀྱི་མེ་སྐྱོན་འགོག་ནུས་ཤུགས་ཆེར་བཏང་ཡོད། གཞན་ཡང་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སྤུས་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྒྱ་བོད་ཤན་སྦྱར་གྱི་དྲིལ་བསྒྲགས་སྦྱར་ཡིག་དང་ཚན་རིག་ཁྱབ་གདལ་གྱི་འགུལ་རིས་བརྩམས་ཆོས་གསར་རྩོམ་བྱས་པས། “གངས་ལྗོངས་ཀྱི་མེ་ལྕེ་སྔོན་པོའི་ཞབས་ཞུའི་ས་ཚིགས”82དང་མཛེས་ལྗོངས་ཁུལ་10ཡི་མེ་ཟོན་དྲིལ་བསྒྲགས་ས་ཚིགས་ལ་གདེང་འཇོག་ཡག་པོ་ཐོབ་པ་དང་། སྤྱི་ཚོགས་སྤྱི་དམངས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།