ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས།
གློག་འཁོར་གྱི་འགྲིམ་འགྲུལ་ཁྲིམས་འགལ་ལ་ཆེད་དོན་བཅོས་སྒྲིག་བྱས་པ།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག(གཤམ་དུ“ཉིང་ལག་རུ་ཁག”ཅེས་བསྡུ་རྒྱུ)གིས་ཉིན་ཤས་བསྟུད་མར་གློག་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྲུང་བཅད་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ་རེད།
བྱ་སྤྱོད་སྤེལ་རིང་། ཉིང་ལག་རུ་ཁག་གིས་འགྲོ་ལམ་གྱི་གནས་ཚུལ་དང་འགྲིམ་འགྲུལ་ཁྲིམས་འགལ་ཐོན་མང་བའི་དུས་ཚོད་དང་ཟུང་འབྲེལ་གྱིས་ཉེན་རྟོག་པ་གྲོང་ཁྱེར་གྱི་མ་ལམ་དང་། ཚོང་སྐོར། སྨན་ཁང་། སློབ་གྲྭའི་ཉེ་འཁོར་སོགས་འཁོར་རྒྱུན་མང་བའི་ས་ཁོངས་སུ་གཙོ་གནད་ཐོག་བཀོད་སྒྲིག་བྱས་ཡོད། བཅོས་སྒྲིག་བྱེད་སྐབས་ས་ཆ་གཏན་འཁེལ་གྱིས་འགག་སྒོ་བཙུགས་ནས་ནན་བཤེར་དང་འགུལ་རྣམ་སྐོར་ཞིབ་ཁ་ཏ་སློབ་སྟོན་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད། གཙོ་གནད་ཐོག་གློག་འཁོར་ལྡོག་སྐྱོད་དང་། གློག་དམར་རྩིས་མེད་གཏོང་བ། བདེ་འཇགས་རྨོག་ཞྭ་མི་གྱོན་པ། མི་ཚད་ནས་བརྒལ་ཏེ་བླུགས་པ། འཁོར་ལམ་གང་བྱུང་འཕྲེད་བརྒལ་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཡོད། དེ་དང་དུས་མཚུངས། འཁོར་གསུམ་གློག་སྒུལ་འཕྲུལ་འཁོར་ལ་འཁོར་རྟགས་དང་ལག་ཁྱེར་མེད་པ་དང་ཁྲིམས་འགལ་སྒྲིག་སྦྱོར་སོགས་ཀྱི་གནད་དོན་གཅིག་སྡུད་ཐག་གཅོད་བྱས་ཡོད། མཉམ་སྤྱོད་གློག་སྒུལ་རྐང་འཁོར་གང་བྱུང་དུ་འཇོག་པ་དང་། སྐྱོན་ཡོད་གློག་འཁོར་དུས་ཐོག་ཏུ་གཙང་སེལ་མི་བྱེད་པ། གློག་འཁོར་གཏོང་མཁན་གྱིས་སྒྲིག་ཁྲིམས་ལས་འགལ་ནས་གློག་འཁོར་བཏང་སྟེ་དོ་དམ་ཚོད་འཛིན་མི་འདང་བ་སོགས་ཀྱི་ཐག་གཅོད་དཀའ་བའི་གནད་དོན་ལ་དམིགས་ཏེ། གྲོང་ཁྱེར་དོ་དམ་སྡེ་ཚན་དང་མཉམ་དུ་གཉེར་སྐྱོང་ཁེ་ལས་ལ་གཅིག་སྡུད་སྐོང་འདྲི་བྱས་ནས། ཆད་སྐྱོན་ལ་གཞིགས་ཏེ་གནད་དོན་རེ་རེ་བཞིན་བཏོན་པ་དང་དག་ཐེར་བྱ་ཐབས་ཞིབ་ཕྲ་དང་དུས་བཀག་ཁ་གསལ་བཟོས་ནས། ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།