དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • “ལྟ་འདོམས་པ”བྱེད་ལ“ཞབས་ཞུ་བ”ཡང་བྱེད།

    ——“རྒྱལ་ཡོངས་ཀྱི་119མེ་གསོད་ཀྱི་སྔོན་ཐོན་མི་སྒེར”ཕུན་ཚོགས་བསྟན་འཛིན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

    ཐོན་རྫས་ཀྱི་སྤུས་ཚད་དང་མེ་ཟོན་བདེ་འཇགས་ལ་ལྟ་འདོམས་བྱེད་པའི་ལས་དོན་ལ་ཞུགས་པ་ནས་བཟུང་། མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཐོན་རྫས་སྤུས་ཚད་ཕྱོགས་བསྡུས་ལྟ་འདོམས་ཁོའོ་ཡི་ཁོའོ་ཀྲང་ཕུན་ཚོགས་བསྟན་འཛིན་གྱིས། “བདེ་འཇགས་ཨང་དང་པོར་འཇོག་པ་དང་། སྔོན་འགོག་གཙོ་བོར་འཛིན་པ། འབྱུང་རྩ་ནས་བཅོས་སྐྱོང”བཅས་ཀྱི་ལས་ཀའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་ཁྲོམ་རར་ལྟ་འདོམས་བྱེད་པའི་འགན་ནུས་དང་མེ་ཟོན་བདེ་འཇགས་ལས་དོན་གཉིས་མཉམ་འདྲེས་གཏིང་ཟབ་ལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་། མཉམ་འབྲེལ་ཁྲིམས་སྒྱུར། དེ་བཞིན་དྲིལ་བསྒྲགས་དང་། སློབ་གསོ། ཁྲིམས་ལུགས་ཁྱབ་གདལ་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྣ་མང་སྤྱད་དེ། ལས་གནས་བརྟན་སྲུང་དང་དངོས་སྒྲུབ་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་ལ་འཁོད་པར་བྱས་དང་བྱེད་མུས་རེད།

    “མེ་གསོད་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་འདོམས་བྱེད་པ་དེ་ངེས་པར་དུ་ལམ་ལུགས་ལ་བརྟེན་ནས་ཡུན་རིང་བྱེད་དགོས་པ་ལས་གནས་སྐབས་ཙམ་བྱེད་མི་རུང”ཞེས་པ་ནི་ཕུན་ཚོགས་བསྟན་འཛིན་གྱིས་རྟག་ཏུ་བརྗོད་པའི་སྐད་ཆ་ཞིག་རེད། མངའ་རིས་ཀྱི་གཞི་རིམ་དུ་ལྟ་འདོམས་བྱ་ཡུལ་མང་ལ་ལམ་ཐག་རིང་བ་དང་ཁྱབ་རྒྱ་ཆེ་བས། འགན་འཁྲི་གསལ་པོ་མེད་པ་དང་མཐུན་སྦྱོར་ཡག་པོ་མི་ཐུབ་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཡོད། ལས་ཀའི་དཀའ་གནད་འདི་དག་ལ་དམིགས་ཏེ་ཕུན་ཚོགས་བསྟན་འཛིན་གྱིས་རང་འགུལ་ངང་དཀའ་སེལ་ཐབས་ཇུས་གནད་ལ་སྨིན་པ་བཏོན་ནས། 《མངའ་རིས་ས་ཁུལ་གྱི་ཁྲོམ་ར་ལྟ་འདོམས་མ་ལག་གི་བདེ་འཇགས་ཐོན་སྐྱེད་གནད་དོན་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2024ལོ་ནས་2026ལོ་བར)》སྣེ་ཁྲིད་དེ་བཟོས་ནས། ལམ་ལུགས་ལ་བརྟེན་ནས་ལས་གནས་ཀྱི་འགན་འཁྲི་ཞིབ་ཚགས་སུ་གཏོང་བ་དང་། ལས་བགོས་ཁ་གསལ་རྒྱག་པ། ཁོངས་གཏོཌ་ཀྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་རྫོང་ཁག་གི་ཅུས་དང་ལས་རིགས་ཁག་དང་ཁོའོ་ཧྲེ་ཁག་གི་མེ་གསོད་ཐོན་རྫས་ཀྱི་བདེ་འཇཌ་ལྟ་འདོམས་ཀྱི་འགན་འཁྲིའི་ཁྱབ་ཁོངས་གསལ་པོ་དབྱེ་ནས“ལས་འགན་ཁ་བགོས་ཀྱི་འགོ་ཁྲིད་ཀྱིས་སྤྱི་ཡོངས་ཀྱི་འགན་འཁུར་བ་དང་། ཁོའོ་ཧྲེ་དང་རྫོང་ཆུས་ཀྱིས་ཞིབ་ཕྲའི་ལས་དོན་ལ་དམ་འཛིན་བྱེད་པ། ལས་མི་ཡོངས་ཞུཌ་ནས་འགན་འཁྲི་མཉམ་དུ་འཁུར་བ”བཅས་ཀྱི་ཕྱོཌ་ཡོངས་ལ་ཁྱབ་པའི་འགན་འཁྲིའི་མ་ལག་ཅིག་བཙུགས་པ་རེད།

    མངའ་རིས་ས་ཁུལ་གྱི་གཉེར་སྐྱོང་བྱེད་པོ་ཁ་ཐོར་ཡིན་པ་དང་ལྟ་འདོམས་དཀའ་བའི་གནས་ཚུལ་ལ་དམིགས་ནས། ཁོང་གིས་ས་ཁོངས་ཡོངས་ལ་ཁྱབ་པའི་འོས་ཐོབ་ཞིབ་དཔྱད་ལས་དོན་སྒྲིག་འཛུགས་བྱས་ནས་རིམ་རྩིས་བརྒྱབ་ན་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་350ལ་གྲལ་བཤེར་བྱས་པ་རེད། གློག་སྒུལ་རྐང་འཁོར་ལ་ཁྲིམས་དང་མ་མཐུན་པའི་བཟོ་བཅོས་རྒྱག་པའི་རྙོག་འགལ་ཆེ་བའི་གནད་དོན་ལ་དམིགས་ནས་ཁོང་གིས་ཞི་འཇམ་གྱི་ཁྲིམས་འཛིན་དང་བཙན་ཐབས་ཀྱི་བཅོས་སྒྲིག་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་གཅིག་དཔེ་བརྒྱ་འགེབས་ཀྱི་ཆད་པ་གཅོད་སྟངས་དོར་ནས་དུད་ཚང་རེ་རེ་བཞིན་དུ་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་དང་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ས་ཁུལ་དེ་ཡོངས་ཀྱི་གློག་སྒུལ་རྐང་འཁོར་བརྒྱུད་འཚོང་ཁང་27ཚང་མས《ཁྲིམས་སྲུང་ཡིད་རྟོན་གྱི་ཚོང་གཉེར་བྱེད་པའི་ཁས་ལེན་ཡི་གེ》བཞག་པར་སྐུལ་འདེད་བཏང་བ་དང་འབྲེལ་ཚོང་ཁང་ནང་གི་མངོན་གསལ་དོད་སར་ཁྲིམས་དང་མ་མཐུན་པར་བཟོ་བཅོས་རྒྱག་པར་ཉེན་བརྡ་གཏོང་བའི་སྦྱར་ཡིག་སྦྱར་ཏེ་འབྱུང་རྩ་ནས་བཟོ་བཅོས་མི་རྒྱག་པའི་འགོག་རགས་བསྐྲུན་ཡོད་པ་རེད།

    ལྟ་འདོམས་ནན་པོ་བྱེད་པ་དང་དུས་མཚུངས་ཕུན་ཚོགས་བསྟན་འཛིན་གྱིས་ལྟ་འདོམས་དང་ཞབས་ཞུ་གལ་ཆེ་མཉམ་འཛིན་དང་། བཅོས་སྐྱོང་དང་གསོ་སྦྱོང་མཉམ་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི“ལྟ་འདོམས་པ”ཡག་པོ་ཞིག་བྱེད་ལ་ཚོང་དུད་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི“ཞབས་ཞུ་བ”ཡག་པོ་ཞིག་ཀྱང་བྱེད་ཀྱི་ཡོད། ཁོངས་གཏོགས་ཁུལ་གྱི་མེ་གསོད་ཐོན་རྫས་དང་། འབར་རླངས་ཐབ་ཆས། གློག་སྒུལ་རྐང་འཁོར་སོགས་ཕྱིར་ཚོང་ཁེ་ལས་གཙོ་བོར་དམིགས་ཏེ་ཕུན་ཚོགས་བསྟན་འཛིན་གྱིས་གཉེར་སྐྱོང་བྱེད་པོར་རྒྱུན་རྣམ་ཅན་གྱི་ཆེད་དོན་གསོ་སྦྱོང་བྱས་ནས་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་འདོམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། ལས་རིགས་ཀྱི་ཚད་གཞི། དེ་བཞིན“གཏན་འབེབས་གཉིས”ཀྱི་ལྟེ་བའི་བླང་བྱ་བཅས་གསལ་འགྲེལ་བྱས་ནས་ཁེ་ལས་ལ་ཚོང་ཟོག་ནང་འདྲེན་དཔྱད་བཤེར་དང་། དཔང་ཡིག་དང་སྤ་སེ་ལེན་པ། རྩིས་ཐོ་བཟོ་བ། རང་བཤེར་རང་བཅོས་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་གཅིག་གཏད་གཅིག་གིས་མཛུབ་ཁྲིད་བྱེད་ཀྱི་ཡོད་ལ། ཁེ་ལས་ལ“ཉིན་རེར་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེར་གྲལ་བཤེར། ཟླ་རེར་བཀོད་གཏོང་”བཅས་ཀྱི་ཉེན་ཁར་ལྟ་འདོམས་ཚོད་འཛིན་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པར་ལྟ་སྐུལ་བྱེད་ཀྱི་ཡོད་པ་རེད།

    གཞི་རིམ་གྱི་མེ་ཟོན་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་པར་ཐབས་བཟང་གང་ཞིག་ཡོད་ཅེས་འདྲི་སྐབས། ཁོང་གིས“འགན་འཁྲི་ཕྲག་ཏུ་ཁུར་ནས་ལས་དོན་ཚང་མ་ཞིབ་ཚགས་དང་ཏན་ཏིག་བསྒྲུབ་པ་ལས་ཐབས་མཆོག་གཞན་གང་ཡང་མེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།