ཉིང་ཁྲི་གྲོང་ཁྱེར་གྱིས་དམིགས་བསལ་སྒྲིག་ཆས་དང་གཙོ་གནད་བཟོ་ལས་ཐོན་རྫས་ལ་ཆེད་དོན་ཞིབ་བཤེར་བྱས་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བྲག་ཡིབ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་ཆེད་དོན་བདེ་འཇགས་ཞིབ་བཤེར་བྱས་ནས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དང་གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་ཁྱབ་ཁོངས་ཆེན་པོ་གཉིས་ལ་དམིགས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱས་པ་རེད།
ད་ཐེངས་ཀྱི་ཞིབ་བཤེར་ནང་དྲ་མིག་ཅན་གྱི་ལྟ་འདོམས་ཁྱབ་གདལ་བཏང་ནས་གྲོང་ཁུལ་དེ་འགན་འཁྲིའི་དྲ་མིག་4ལ་དབྱེ་བ་དང་། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་ཁྲིམས་སྒྱུར་རྐང་འཛིན་པ་38སྤྱི་འདོམས་དང་། ཀོང་ཏུང་དམིགས་བསལ་ཞིབ་དཔྱོད་ཁང་ཉིང་ཁྲི་ཞབས་ཞུ་ལྟེ་གནས་ཀྱི་ལག་རྩལ་པ་4མཉམ་འགུལ། ཆེད་དོན་ཁྲིམས་སྒྱུར་དཔུང་ཁག་དང་འགུལ་རྣམ་སྐོར་གཡེང་ཞིབ་བཤེར་ཚོགས་ཆུང་འཛུགས་པ་བཅས་བྱས་ནས་ས་ཁོངས་ཧྲིལ་པོར་ཁྱབ་པ་དང་། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ། གདུབ་ཟུམ་དོ་དམ་བཅས་ཀྱི་ཕྱོགས་བསྡུས་ཅན་གྱི་ལྟ་འདོམས་མ་ལག་བཙུགས་པ་རེད།
དམིགས་བསལ་སྒྲིག་ཆས་ཁྱབ་ཁོངས་སུ་ཞིབ་བཤེར་མི་སྣས་གྲོང་མིའི་ཁུལ་ཆུང་དང་། ཐོན་ལས་གླིང་། སྨན་ཁང་སོགས་ཀྱི་གློག་སྐས་དང་། ཁྲོ་ཐབ། གནོན་ལྡན་སྣོད་ཆས། དབྲག་འཁོར། ལྗིད་འདེགས་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ལ་གཙོ་གནད་ཐོག་གྲལ་བཤེར་དང་། སྒྲིག་ཆས་དང་། ལས་མིས་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་སྐྱོད་པ། འཕྲལ་སྡོམ་ནང་སྦྱོང་། བདེ་འཇགས་སྲུང་སྐྱོང་སྒྲིག་ཆས་ཀྱི་ནུས་ལྡན་རང་བཞིན་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད། དམིགས་བསལ་སྒྲིག་ཆས་248ལ་གྲལ་བཤེར་བྱས་ནས་བརྟག་བཤེར་མཚོན་རྟགས་དུས་ཚད་ལས་བརྒལ་ནས་གསར་བརྗེས་བྱས་མེད་པ་དང་། ཛ་དྲག་ཉེན་གཏོང་གི་ཁ་པར་ཉན་མཁན་མེད་པ། བདེ་འཇགས་ཡན་ལག་སྒྲིག་ཆས་དུས་ཚད་ལས་བརྒལ་ནས་ཞིབ་བཤེར་བྱས་མེད་པ། བེད་སྤྱོད་ཐོ་འགོད་ལག་ཁྱེར་གཉེར་མེད་པ་སོགས་ཀྱི་གནད་དོན་ཁྱོན་104ཤེས་རྟོགས་བྱུང་བ་དང་། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་ཞིབ་བཀའ་ཡིག་4བཀྲམ་པ། དག་ཐེར་བྱེད་དགོས་པའི་བརྡ་ཐོ་1བཏང་བ། ཁྲིམས་ལྟར་དབྲག་འཁོར་34སྤྱོད་མཚམས་བཞག་པ། གློག་སྐས་5བཀག་སྡོམ་བྱས་པ། མཐོ་གནོན་སྲིན་འབུ་གསོད་སྣོད་2དང་གློག་སྐས་5སྤྱོད་མཚམས་འཇོག་རྒྱུའི་བཀའ་བཏང་བ། དམིགས་བསལ་སྒྲིག་ཆས་སྤྱོད་མཁན་གྱིས་ཁྲིམས་འགལ་ངང་ལག་ཁྱེར་རྫུས་མ་སྤྱོད་པའི་གྱོད་གཞི་1གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བཅས་བྱས་པ་རེད།
གཙོ་གནད་བཟོ་ལས་ཐོན་རྫས་ཐད་ཞིབ་བཤེར་མི་སྣས་ཤོག་སྦག་དང་། གློག་སྒུལ་རྐང་འཁོར། འབར་རླངས་ཡོ་བྱད་སོགས་ཐོན་རྫས་ལ་དམིགས་ནས་ཚོང་ཟོག་འཐེན་འདྲེན་གྱི་ཞིབ་བཤེར་དང་། མཚོན་རྟགས་འགོད་པ། ལྟ་སྐུལ་འཐེན་བཤེར། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་ལག་བསྟར་བཅས་ཀྱི་ལྷུ་ཚིགས་4ལ་ཞིབ་བཤེར་ནན་པོ་བྱས་པ་རེད། ཤོག་སྦག་ཕྱིར་ཚོང་ཚན་པ་1དང་། གློག་སྒུལ་རྐང་འཁོར་བོགས་གཏོང་ཁེ་ལས་2 ཕྱིར་ཚོང་ཁེ་ལས་13(ཉམས་གསོ་ཁང་1ཚུད་པ) གློག་གི་ཚ་ལ་རྒྱག་ཆས་ཕྱིར་ཚོང་ཁང་2 དྲོད་སྲུང་རྒྱུ་ཆ་ཕྱིར་ཚོང་ཁང་2 འབར་རླངས་མཁོ་ཆས་ཕྱིར་ཚོང་ཚན་པ་12བཅས་ལ་ཞིབ་བཤེར་བྱས་པ་དང་ཚད་གཞི་མ་ལོན་པའི་འབར་རླངས་སྦུག་གུ་སྨི་40ལྷག་ཙམ་ཚོང་སྒྲོམ་ནས་ཕབ་པ་རེད།
འབྲེལ་ཡོད་གསར་འགྱུར།