དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྒོར་ཁྲི་གསུམ་ལས་ཁྱིམ་ཚང་གསུམ་ལ་རེ་བ་གསར་པ་སྦྱིན་པ།

    ——ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་རེ་འདུན་ཞུ་མིར་རོགས་སྐྱོབ་དངུལ་སྤྲད་པའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    “དེ་སྔ་ཁྲིམས་འཛིན་རོགས་སྐྱོབ་རེ་འདུན་ཞུ་ཆོག་པ་རྩ་བ་ནས་ཤེས་ཀྱི་མེད། ཏང་དང་མི་དམངས་ཁྲིམས་ཁང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་རོགས་སྐྱོབ་དངུལ་ལག་ཏུ་འབྱོར་བའི་ལག་བསྟར་རེ་འདུན་ཞུ་མཁན་ཤེས་ཆེ་གེ་མོས་མིག་ལ་མཆི་ཞག་འཁོར་བཞིན་བརྗོད།

    གནས་ཚུལ་དེ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་ཐོན་ཞིང་། སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་རེ་འདུན་ཞུ་མཁན་གསུམ་ལ་རོགས་སྐྱོབ་དངུལ་སྤྲད་པ་དང་། སྒོར་ཁྲི་གསུམ་གྱི་རོགས་སྐྱོབ་དངུལ་ནི་མང་པོ་མིན་མོད། འོན་ཏེ་དངུལ་དེས་འཚོ་བར་དཀའ་ངལ་ཧ་ཅང་ཆེ་བའི་ཁྱིམ་ཚང་གསུམ་ལ་རེ་བ་གསར་པ་སྦྱིན་ཡོད་པ་རེད།

    ཤེས་ཆེ་གེ་མོ་དང་ཟླ་ཆེ་གེ་མོའི་གཉེན་སྒྲིག་རྩོད་གཞིའི་གྱོད་གཞིར་ཁྲིམས་ཁང་གིས་ལོགས་བཀར་བྱ་རྒྱུའི་ཁྲིམས་ཐག་བཅད་རྗེས། ལག་བསྟར་རེ་འདུན་ཞུ་མཁན་ཤེས་ཆེ་གེ་མོས་བུ་མོ་ཁྲིད་དེ་ཨ་མ་དང་མཉམ་དུ་འཚོ་བ་བསྐྱལ་ཞིང་། ཨ་མ་རྣ་ཤེད་ཉམས་པའི་དབང་གིས་དུས་སྐབས་ཤིག་རིང་འཚོ་བར་དཀའ་ངལ་ཆེན་པོ་འཕྲད། གྱོད་གཞི་ལག་བསྟར་བྱེད་མཚམས་སུ་སླེབས་པ་དང་། དེ་སྔ་ཕྱོགས་གཉིས་པོའི་དོ་བདག་དབར་འགལ་བ་དང་འཁོན་འཛིན་ཆེན་པོ་ཡོད་པའི་ཁར། ལག་བསྟར་བྱ་ཡུལ་ཟླ་ཆེ་གེ་མོའི་ཁྱིམ་ཚང་གི་གནས་ཚུལ་ཡང་ཡག་པོ་མེད་པས། ལག་བསྟར་བྱེད་ནུས་མེད་པ་རེད། གྱོད་སྒྲུབ་ཁྲིམས་དཔོན་གྱིས་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། རང་འགུལ་ངང་ཤེས་ཆེ་གེ་མོར་ཁྲིམས་འཛིན་རོགས་སྐྱོབ་རེ་འདུན་ཞུས་ཚེ། ཁྲིམས་ཁང་གིས་བརྒྱུད་རིམ་ཧྲིལ་པོའི་བཅའ་ཁྲིམས་རོགས་རམ་བྱེད་ཀྱི་ཡོད་པའི་སྐོར་བརྗོད། མཐར་རོགས་སྐྱོབ་དང་། ལག་བསྟར་བྱ་ཡུལ་གྱིས་ལག་བསྟར། ལག་བསྟར་རེ་འདུན་ཞུ་མཁན་གྱིས་རང་འགུལ་ངང་ལག་བསྟར་དངུལ་ཁག་གཅིག་བློས་གཏོང་བཅས་བྱས་པ་བརྒྱུད། གྱོད་གཞི་ཐག་གཅོད་དང་དོ་བདག་དབར་གྱི་འདུམ་འགྲིག་ལ་ཕན་འབྲས་ཐོན་ཡོད་པ་རེད།

    གྱོད་གཞི་གཞན་དག་གཉིས་པོ་ནི་ངལ་རྩོལ་གན་རྒྱའི་རྩོད་གཞི་ཡིན་ཞིང་། པ་ཆེ་གེ་མོས་ལུང་ཆེ་གེ་མོར་ངལ་རྩོལ་གན་རྒྱ་ལག་ལེན་བསྟར་རྒྱུའི་རེ་འདུན་ཞུས་པའི་གྱོད་གཞི་དེ་ལག་བསྟར་བྱ་ཡུལ་ལུང་ཆེ་གེ་མོར་ལག་བསྟར་བྱེད་ནུས་མེད་པས། སྐབས་ཤིག་རིང་ལག་བསྟར་རེ་འདུན་ཞུ་མཁན་པ་ཆེ་གེ་མོའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད། གྱོད་གཞི་དེ་ནི་དམངས་འཚོ་དང་འབྲེལ་བའི་དམིགས་རྟེན་ཆུང་བའི་དཔེ་མཚོན་གྱོད་གཞི་ཞིག་ཡིན་ཞིང་། ཁྲིམས་དཔོན་གྱིས་རང་འགུལ་ངང་དྲན་སྐུལ་གསལ་བཤད་དང་ཁྱིམ་དུ་བརྟག་དཔྱད་བྱས་རྗེས་ལག་བསྟར་རེ་འདུན་ཞུ་མཁན་པ་ཆེ་གེ་མོར་རོགས་སྐྱོབ་བྱ་རྒྱུའི་ཐག་བཅད་པ་རེད།

    གྱོད་གཞི་ཆུང་ཆུང་ཡིན་རུང་དོ་བདག་ལ་ཁུར་པོ་ལྕི་པོ་བཟོས་ནས་ཁོང་ཚོའི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཕོག་ཡོད། སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཁྱིམ་ཚང་རེ་རེ་བཞིན་བསྐྱོད་དེ། ས་ཡུལ་དངོས་ནས་གནས་ཚུལ་ཤེས་རྟོགས་བྱས་པ་རེད། སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་ལས་རིམ་ལག་ལེན་བསྟར་ཏེ། རེ་འདུན་ཞུ་བ་དང་། དཔྱད་ཡིག་ལེགས་སྒྲིག ཞིབ་མཆན་འགོད་རིམ་མགྱོགས་སུ་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱས་ཏེ། ཆེད་དོན་ཆེད་སྒྲུབ་དང་འཕྲལ་དོན་འཕྲལ་སྒྲུབ་ཀྱིས་རོགས་སྐྱོབ་དངུལ་མང་ཚོགས་ཀྱི་ལག་ཏུ་གང་མགྱོགས་སྤྲད་ཡོད་པ་རེད།

    སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས“གངས་ལྗོངས་ཡར་འབྲོག ཁྲིམས་ཁང་རྟགས་མའི་གདོང་ལེན་པའི”ཏང་འཛུགས་སྐྱོང་སྤུས་རྟགས་སྣེ་ཁྲིད་དུ་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་སུ་ཏང་ཡོན་སྐྱོད་ཀྱི་ཡོད་ཅིང་། སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཀྲོའུ་ཕིང་གིས། “དམངས་ཆེད་ཁྲིམས་འཛིན་ནི་འབོད་ཚིག་སྟོང་པ་ཞིག་མིན་པར། དེ་རང་འགུལ་ངང་ཁྱིམ་དུ་སྐྱོད་པའི་གོམ་སྟབས་རེ་རེ་དང་། འཕྲལ་མཁོ་དང་དཀའ་ངལ་སེལ་རོགས་བྱེད་པའི་རོགས་སྐྱོབ་དངུལ་རེ་རེ། མང་ཚོགས་ལ་རེ་བ་གསར་པ་སྦྱིན་པའི་འཛུམ་མདངས་རེ་རེ་བཅས་ཀྱི་ནང་འདུས་ཡོད་པས། དེ་ནི་དམངས་ལ་བྱ་བ་དངོས་སྒྲུབ་པའི་གསོན་ཉམས་དོད་ཤོས་ཀྱི་མཚོན་ཚུལ་ཞིག་རེད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།