དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཤིས་གོང་ཆུ་ངོགས་སུ་བཙུགས་པའི་ཚེ་སྲོག་གི་རྡོ་རིང་།

    ——“ཀྲུང་ཧྭའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ”ཕུན་ཚོགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    ཡར་ཀླུང་གཙང་པོའི་ཡན་ལག་ཆུ་བོ་ཤིས་གོང་ཆུ་བོའི་ངོགས་སུ་ཉམས་པ་མེད་པའི་སྙིང་སྟོབས་རྡོ་རིང་ཞིག་ནམ་ཡང་ཀྲོང་ངེར་གནས་ཡོད།

    2025ལོའི་ཟླ་7ཚེས་8ཉིན། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྤང་ཞིང་ཤང་དུ་གློ་བུར་དུ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཐོན་ནས་ཆུ་ལམ་འགག་ཡོད། ཡུལ་མི་སྟོང་ཕྲག་ལྷག་ཙམ་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་ཁ་ཆེན་པོ་འཕྲད་དུས། ལོ་32ལ་སླེབས་པའི་མོན་པ་རིགས་ཀྱི་གཞོན་ནུ་ཕུན་ཚོགས་ཀྱིས་རྐོ་འདྲུའི་འཕྲུལ་འཁོར་བཏང་ནས་རོགས་སྐྱོབ་མི་སྣ་གཞན་དག་དང་མཉམ་དུ་ཆུ་ཚོད་ཁ་ཤས་བསྟུད་མར་འབད་བརྩོན་ལྷོད་མེད་ཀྱིས་འདམ་རྫབ་གཙང་སེལ་བྱས། ཆུ་རུད་ཐེངས་གཉིས་པ་ཐོན་སྐབས། ཁོང་གིས་བློ་བརྟན་འགྱུར་མེད་ངང་རྐོ་འདྲུའི་འཕྲུལ་འཁོར་བཏང་ནས་ཆུ་བོ་བཅད་དེ་ཤ་ཁྲག་གི་ཕུང་པོ་དང་ལྕགས་ཀྱི་འཕྲུལ་ཆས་ཀྱིས་སྲུང་བཅད་བྱས་ཏེ། མང་ཚོགས་ཕྱིར་འཐེན་བྱེད་པར་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས། སྟབས་མི་ལེགས་པར་ཁོང་སྐུ་གཤེགས་པ་རེད། ཕུན་ཚོགས་ཀྱིས་རང་སྲོག་བློས་བཏང་ནས་བདེན་པའི་རྒྱབ་ལངས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཁྱིམ་གཞིས་སྲུང་བའི་དམ་བཅའ་ལག་ལེན་བསྟར་ཡོད། 2026ལོའི་ཟླ་དང་པོར། ཀྲུང་ཧྭའི་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་ཀྱིས་ཕུན་ཚོགས་ལ“ཀྲུང་ཧྭའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།

    ཕུན་ཚོགས་སྤང་ཞིང་ཤང་ཁིང་ཁིང་གྲོང་ཚོའི་མོན་པ་རིགས་ཀྱི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས་ཤིང་། རྒྱུན་དུ་ཁོང་གིས་གཅུང་པོ་དང་གཅུང་མོ་ཚོར་ནུས་ཤུགས་ཡོད་རྒུས་ལྟ་རྟོག་བྱས་ནས་ཁོང་ཚོའི་དགོས་མཁོ་གང་ཡོད་ཐབས་ཤེས་ཡོད་རྒུས་སྐོང་གི་ཡོད་པས་བློ་ཕམ་གཏན་ནས་སྐྱེས་སུ་འཇུག་མྱོང་མེད། དེས་མ་ཟད་ཁྱིམ་མཚེས་དང་ཡུལ་མི་རྣམས་ལ་ཡང་གང་ཐུབ་ཅི་ཐུབ་ཀྱིས་རོགས་པ་བྱེད་ཀྱི་ཡོད། ལོ་ན་གཞོན་དུས་ཕུན་ཚོགས་ཀྱིས་རྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བའི་ལག་རྩལ་ཧུར་ཐག་སྦྱངས་ནས་ས་གནས་དེ་གར་སྐད་གྲགས་ཆོད་པའི་ལག་རྩལ་མཁས་པ་ཞིག་ཏུ་གྱུར་ཡོད།

    “ང་ཚོ་འདི་གར་བསྡད་ཚེ་ཁྱིམ་གཞིས་སྲུང་འོས་པ་ཞིག་རེད་ཅེས་གཅེན་པོས་རྟག་ཏུ་ང་ཚོར་ཤོད་ཀྱི་ཡོད། བསམ་ཡུལ་ལས་འདས་པར་ཁོང་གིས་རང་སྲོག་བློས་བཏང་ནས་སྐད་ཆ་དེ་ལག་ལེན་དུ་འཁྱོལ་བ་བྱས་སོང”ཞེས་ཚེ་སྒྲོལ་མས་མིག་ཆུ་གཏོང་བཞིན་བཤད།

    2025ལོའི་ཟླ་7ཚེས་8ཉིན། ཤིས་གོང་ཆུ་བོའི་སྟོད་རྒྱུད་དུ་དྲག་ཆར་རྒྱུན་མཐུད་བབས་ནས་ཆུ་རུད་ཚབས་ཆེན་ཐོན་ཏེ་ཤིང་སྡོང་དང་། བྱེ་འདམ། བྲག་རྡོ་སོགས་འབོར་ཆེན་ཞིག་སྐད་ཅིག་ཉིད་དུ་ཕུང་གསོག་ཐེབས་ནས་སྨད་རྒྱུད་ཀྱི་ཆུ་ལམ་འགག་ཡོད་པ་རེད།

    “ཆུ་ལམ་དེ་མ་ཉིད་དུ་འགག་ནས་ལང་ལོང་གི་ཆུ་རྒྱུན་རྒྱུག་ས་མེད་པར་གྱུར་ཏེ་གནས་ཚུལ་ཛ་དྲག་ཏུ་ཕྱིན། ཛ་དྲག་གི་དུས་དེར་གྲོང་ཚོའི་རྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བ་ཕུན་ཚོགས་ཀྱིས་གདོང་མཆོང་བྱས་སོང”ཞེས་སྤང་ཞིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་སངས་རྒྱས་ནོར་བུས་བཤད།

    ཕུན་ཚོགས་ཀྱིས་ཡུལ་མིའི་དང་བླངས་པ་གཞན་དག་དང་མཉམ་དུ་ཆུ་ལམ་ཚབས་ཆེན་འགག་པའི་ཁུལ་དུ་བསྐྱོད་རྗེས་འཕྲལ་མར་ནུས་ཤུགས་ཡོད་རྒུས་འདམ་རྫབ་གཙང་སེལ་བྱས། ཁོང་གིས་ཆུ་ཚོད་བརྒྱད་ཙམ་བསྟུད་མར་འབད་འཐབ་བྱས་ནས་ངལ་གསོ་ཕྲན་ཙམ་རྒྱག་ཞོར་ཟ་མ་སྟབས་བདེ་ཞིག་བཟས་རྗེས་མྱུར་དུ་ཉེན་སེལ་གྱི་ལས་ལ་འབད།

    ཆུ་རུད་ཡང་བསྐྱར་ཐོན་པ་དང་། མི་ཚང་མས་ཚོར་སྐབས་ཆུ་རུད་མིག་མདུན་དུ་བཅར་ཟིན། སྐབས་དེར་ཕུན་ཚོགས་ཀྱིས་ཆུ་ལམ་སྟོད་རྒྱུད་ཀྱི་ཆུ་ཁ་རྒྱུན་གཏན་དང་མི་འདྲ་བར་གློ་བུར་དུ་རྒྱས་པ་མཐོང་བ་དང་། གལ་ཏེ་བཀག་འགོག་མ་བྱས་ཚེ་ཆུ་རུད་ཀྱིས་ཕྱིར་འཐེན་བྱེད་བཞིན་པའི་མང་ཚོགས་ལ་ཐད་ཀར་གནོད་འཚེ་བཟོ་ཉེན་ཡོད་པ་ཤེས་རྟོགས་བྱུང་།

    སངས་རྒྱས་ནོར་བུས“ཆུ་རུད་ཚབས་ཆེན་ཐོན་པས། སྐར་མ་ཁ་ཤས་ནང་རྐོ་འདྲུའི་འཕྲུལ་འཁོར་གྱི་འཁོར་ལོ་དང་ཁ་ལོ་བ་སྡོད་ས་རྦད་དེ་འདམ་སར་དིམ་ནས་རིམ་བཞིན་རླབས་རྒྱུན་ཁྲོད་དུ་ཡལ་སོང”ཞེས་སྐྱོ་སྣང་ཆེན་པོས་བཤད།

    གནོད་འཚེ་ཐོན་རྗེས། ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་ཕུན་ཚོགས་ཀྱི་དཔའ་བོའི་མཛད་རྗེས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཆེད་དོན་ཞིབ་འཇུག་ཚོགས་འདུ་མགྱོགས་མྱུར་འཚོགས་ཏེ་ཕུན་ཚོགས་ལ“བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་རེ་ཞུ་རྫོང་ལ་ཕུལ་བ་དང་ཆབས་ཅིག ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཁོང་གི་མཛད་རྗེས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་བདེན་པའི་རྒྱབ་ལངས་ཀྱི་སྙིང་སྟོབས་ས་གནས་དེ་གའི་མི་རྣམས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱས། ད་ཆ། ཁིང་ཁིང་གྲོང་ཚོ་དང་དེ་བཞིན་མཐའ་འཁོར་གྲོང་ཚོའི་མང་ཚོགས་ཚོས་སྔར་རྒྱུན་བཞིན་རང་འགུལ་ངང་ཤིས་གོང་ཆུ་ངོགས་ནས་ཁོང་ལ་མྱ་ངན་ཞུས་ཏེ་ཁ་བཏགས་དང་། མར། མེ་ཏོག་བཅས་ཕུལ་ནས་དཔའ་བོ་ཁོང་ལ་དྲན་གསོ་དང་གུས་ལུགས་མཚོན་པར་བྱེད་ཀྱི་ཡོད།

    ཤིས་གོང་ཆུ་བོ་སྔར་བཞིན་ལྷུང་ལྷུང་དུ་བབས་བཞིན་ཡོད་ལ། མོན་པ་རིགས་ཀྱི་དཔའ་བོ་ཕུན་ཚོགས་ཀྱི་མཛད་རྗེས་ཀྱང་ནམ་ཡང་ཉམས་པ་མེད་པའི་སྙིང་སྟོབས་ཀྱི་རྡོ་རིང་ཞིག་ཏུ་གྱུར། ཁོང་གིས་རང་སྲོག་བློས་བཏང་ནས“ཁྱིམ་གཞིས་སྲུང་སྐྱོང”བྱེད་པའི་ཐོག་མའི་བསམ་འདུན་མཚོན་པར་བྱས་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས“བདེན་པའི་རྒྱབ་ལངས”ཀྱི་འགན་འཁྲི་ལག་ལེན་དུ་འཁྱོལ་བར་བྱས་ཡོད། བརྩེ་བ་ཟབ་མོ་དང་བློ་སྟོབས་ཆེན་པོ་འདི་ལས་ནམ་ཡང་ཤིས་གོང་ཆུ་ངོགས་ཀྱི་མི་རྣམས་ལ་སྐུལ་མ་ཐེབས་བཞིན་ཡོད་ལ། ཁོང་གིས་རང་སྲོག་བློས་བཏང་ནས་སྲུང་པའི་ས་གཞི་འདི་ནམ་ཡང་མི་ནུབ་པར་གནས་སྲིད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།