ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན།
གྱོད་གཞི་དཔྱད་གཞིར་བཟུང་ནས་གུས་སྐྲག་བྱེད།“སྤྱོད་གཙང”གཞུང་དྲང་མི་སེམས་ལྷག་པར་དྲོས།
ད་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ”ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། “ལས་དོན་སྒྲུབ་སར་སྤྱོད་གཙང་ཁོར་ཡུག་བསྐྲུན་པ་དང་། གྱོད་དཔེ་དྲངས་ནས་སྤྱོད་གཙང་ཉེན་བརྡ་སྒྲོག་པ། ཁྱིམ་སྲོལ་ལ་བརྟེན་ནས་སྤྱོད་གཙང་སྐྱོང་བ། ཁྲིམས་གཅོད་ལ་བརྟེན་ནས་སྤྱོད་གཙང་ལ་སྐུལ་འདེད་གཏོང་བ”བཅས་ཟུར་ཕྱོགས་བཞིའི་ཐོག་ནས་ཤུགས་འདོན་གནད་སྨིན་བྱས་ཏེ། ཕྱོགས་ཡོངས་དང་ཕྱོགས་བསྡུས་རྣམ་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལས་དོན་གྱི་མ་ལག་བཙུགས་ནས“སྤྱོད་གཙང་གཞུང་དྲང”དེ་འབོད་ཚིག་ནས་མིག་མཐོང་ལག་ཟིན་ཐུབ་པ་དང་མྱོང་ཚོར་ཐུབ་པའི་རིག་གནས་ཀྱི་རང་རྟོགས་སུ་འགྱུར་བར་བྱས་ཡོད།
ལས་དོན་སྒྲུབ་ས་མདུན་དུ་སྤོས་ཏེ་ཡིག་རྫོགས་ཆེ་བའི་ཡིག་ཆ་རྒྱུན་གཏན་གྱི་སྐད་ཆར་བསྒྱུར་བ།
ཉིང་ཁྲི་གྲོང་ཁྱེར་པད་མ་སྒང་སྡེ་ཁུལ་གྱི་སྲིད་གཙང་རིག་གནས་བར་ཁྱམས་སུ་སྐྱོད་སྐབས“སྤྱོད་གཙང་རིག་གནས་གྱང”ལ་དོ་སྣང་ཆེན་པོ་ཡོང་སྲིད། དེ་ཡང་དེ་སྔའི་ཚིག་སྐམ་པོ་དང་མི་འདྲ་བར་སྐབས་རིམ་བྱུང་གི་སྤྱོད་གཙང་གཞུང་དྲང་གི་དཔོན་པོའི་གཏམ་རྒྱུད་ཡོད་ལ། དེང་རབས་རབ་བཏགས་རི་མོས་འགྲེལ་བཤད་བརྒྱབ་པའི་ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ཡང་ཡོད།
“དེ་སྔ་དྲིལ་བསྒྲགས་ཡིག་སྒྲོམ་མཐོ་སར་བཞག་པས་ཁ་ཡ་བྱེད་མཁན་མེད། ད་ཆ་ང་ཚོས་སྤྱོད་གཙང་རིག་གནས་ཀྱི་གྱང་དེ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བརྒྱུད་དགོས་ངེས་ཀྱི་ལམ་བུར་བསྐྲུན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་འགན་འཁུར་བས་ངོ་སྤྲོད་བྱས། མིག་སྔའི་བར་གྲོང་ཁྱེར་དེས་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཡིག་སྒྲོམ་160ལྷག་ཙམ་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། “སྤྱོད་གཙང་བར་ཁྱམས”ཀྱི་དཔེ་སྟོན་ས་ཚིགས་4བཏོད་དེ། ཕར་འགྲོ་ཚུར་འོང་བྱེད་མཁན་ཚོས་གང་སར་སྤྱོད་གཙང་གི་འབྲེལ་ཡོད་སྦྱར་ཡིག་མཐོང་ཐུབ་པར་བྱས་པས་སྒྲིག་ཁྲིམས་དང་སྒྲིག་ལམ་སེམས་ལ་འཇགས་ཡོད།
གྱོད་དཔེ་གསོན་པོ་དྲངས་ཏེ“ཉེ་འགྲམ་གྱི་བྱ་བར”བརྟེན་ནས“ཉེ་འགྲམ་གྱི་མིར”དྲན་སྐུལ་བྱས་པ།
“རྩ་འཛུགས་ཀྱིས་གསོ་སྐྱོང་དང་ནང་མིས་ཡིད་ཆེས་བྱས་པ་ངས་ཆུད་ཟོས་བཏང་སོང”ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གསར་དུ་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི《ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་ལས་བྱེད་པའི་འགྱོད་བཤགས་ཟིན་ཐོ་བདམས་བསྒྲིགས》ལ་ལྟ་སྐབས་འགྱོད་བཤགས་ཀྱི་སྐད་ཆ་དེ་ཚོ་དངོས་འབྲེལ་མི་སེམས་ལ་སྐྱི་གཡའ་བ་ཞིག་ཡོད།
རང་དང་འབྲེལ་བ་མེད་སྙམ་མཁན་ལ་དམིགས་ནས། གྲོང་ཁྱེར་དེའི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་བའི་ལོ་ཤས་རིང་ས་གནས་དེ་གར་ཞིབ་བཤེར་ཐག་གཅོད་ཐུབ་པའི་དཔེ་མཚོན་གྱོད་གཞི་ཆེད་མངགས་གསེད་བཀྲོལ་བྱས་ནས། ཉེན་ཟོན་སློབ་གསོའི་པར་གཞི་བཟོས་པ་དང་འབྲེལ་རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་ལ་བསྟན་པ་རེད། ཉེན་ཟོན་པར་གཞི་བལྟས་ཚར་བའི་ཤང་དང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཞིག་གིས“པར་གཞིའི་ནང་གི་མི་ཚང་མ་དེ་སྔ་མཉམ་དུ་ལས་ཀ་བྱེད་མྱོང་བའི‘ངོ་ཤེས་རྙིང་པ’ཤ་སྟག་ཡིན་པས་དངོས་འབྲེལ་ཁོང་འདར་ཤོར་དགོས་པ་ཞིག་འདུག ཉེ་འགྲམ་གྱི་དོན་དག་གིས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི་བྱ་ཐབས་འདི་རིགས་རྣག་ཐོག་གཙག་འཁེལ་ཞིག་འདུག དེས་ཚང་མར“ལག་པ་གང་བྱུང་རྐྱོང་མི་རུང་བ་དང་། ལག་པ་བརྐྱངས་ན་འཛིན་བཟུང་བྱེད་ངེས་ཡིན”པའི་ངོས་འཛིན་གསལ་པོ་བྱུང་ཞེས་བཤད།
ཁྱིམ་སྲོལ་ཡག་པོས“ནང་ལས་ལ་བྱང་པའི་བཟའ་ཟླ”དེ“སྤྱོད་གཙང་སྲུང་བར་མཁས་པའི་བཟའ་ཟླར”བསྒྱུར་བ།
“ནང་མི་ཚོ‘སྒྲིག་ཨུད་ཀྱི་ཧྲུའུ་ཅི’ཡག་པོ་ཞིག་བྱེད་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པས་རྟག་ཏུ་ནང་མིར་སློབ་གསོ་ཡག་པོ་བརྒྱབ་ནས་བདེ་སྐྱིད་འཚོ་བའི་སྒོ་མོ་སྲུང་དགོས” ཉེ་ཆར་གཉེར་བའི“སྤྱོད་གཙང་རང་རྒྱུད་ལ་འཇགས་ནས་ཁྱིམ་ཚང་སྐྱོང་བའི”ཁྱིམ་ཚང་གི་སྤྱོད་གཙང་ལ་རམ་འདེགས་བྱེད་པའི་བྱེད་སྒོའི་ཐོག་སྒྲིག་བཤེར་ལས་བྱེད་པས་འགོ་ཁྲིད་ལས་བྱེད་པའི་ནང་མིར《སྤྱོད་གཙང་ཁྱིམ་སྲོལ་གྱི་གྲོས་འདོན་ཡི་གེ》སྤྲོད་བཞིན་ཡོད།
ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྤྱོད་གཙང་གི་འགོག་སྲུང་འཛིང་རགས་ཁྱིམ་ཚང་གི་ནང་མི་དང་གཉེན་ཉེ་ཚང་མར་ཁྱབ་པར་བྱས་ཏེ། “སྒོ་ར་རྒྱབ་མར”བསྲིངས་ཏེ“སྤྱོད་གཙང་བྱ་སྤྱོད”ཀྱི་ཁྱིམ་ཚང་དུ་འཚམས་འདྲི་དང་། སྤྱོད་གཙང་གི་མངགས་བཅོལ་ཡི་གེ་འབྲི་བ། ཁྱིམ་ཚང་གི་སྤྱོད་གཙང་ལ་རམ་འདེགས་བྱེད་པའི་ཁས་ལེན་ཡི་གེ་འཇོག་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ནང་མིར་ཁྲིམས་སྲུང་བ་ཡག་པོ་ཞིག་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། ལས་བྱེད་པའི་ནང་མི་ཞིག་གིས་མྱོང་ཚོར་མཉམ་སྤྱོད་བྱེད་སྐབས“དེ་སྔ་ཁོང་གི་ལས་ཀ་ཁག་པོ་ཡོད་མེད་ཁོ་ནར་སེམས་ཁུར་བྱེད་ཀྱི་ཡོད། ད་ཆ་ཁོང་གིས་འཁྱེར་མི་འོས་པའི་ཅ་ལག་འཁྱེར་ཡོད་མེད་ལ་དེ་བས་སྣང་འཇོག་བྱེད་ཀྱི་ཡོད། ཁྱིམ་ཚང་ཡག་པོ་སྲུང་བ་ནི་བདེ་སྐྱིད་སྲུང་བ་ཞིག་རེད”ཅེས་བཤད།
ཁྲིམས་རའི་འདྲི་གཅོད་ཀྱི་ཟིལ་གནོན་འོག“ཁྲིམས་རའི་འདྲི་གཅོད་བྱ་ཡུལ”དེ“ཉེན་ཟོན་སློབ་ཁང”དུ་གྱུར་པ།
“ད་ལྟ་ཁྲིམས་ར་འཚོག་རྒྱུ”ཞེས་ཁྲིམས་དཔོན་གྱི་ཐོ་བ་བརྡུངས་རྗེས་གཞུང་ཁོངས་ཁེ་ལས་ཁྱབ་ཁོངས་ལ་དམིགས་པའི་ཆེད་དོན་ཟུར་ཉན་ཁྲིམས་རའི་འདྲི་གཅོད་འགོ་ཚུགས་པ་མཚོན་གྱི་ཡོད། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འབྲེལ་ཡོད་ཁོངས་གཏོགས་ཀྱི་འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་བརྒྱུད་རིམ་ཧྲིལ་པོར་ཟུར་ཉན་བྱེད་དུ་བཅུག་སྟེ། ཞུ་སྦྱོར་ཕྱི་མས་ཁེ་ཕན་གྱི་བསླུ་བྲིད་འོག་གོམ་པ་རེ་རེ་བཞིན་མཐའ་ཚད་ལས་བརྒལ་བ་དང་གཡང་གཟར་དུ་ཇི་ལྟར་ལྷུང་བ་མིག་མཐོང་ལག་ཟིན་ཡོང་བར་བྱས་ཡོད།
“ས་ཡུལ་དངོས་ཀྱི་ཉེན་ཟོན་སློབ་གསོ་དེ་འཆད་ཁྲིད་ཐེངས་བརྒྱ་ཉན་པ་ལས་གོ་ཆོད་པ་འདུག”ཁྲིམས་ར་ནས་དོན་སྐབས་ཟུར་ཉན་བྱེད་མཁན་གྱི་ལས་བྱེད་པ་ཚོའི་ངོ་གདོང་ལས་དངངས་སྐྲག་ཆེན་པོ་བྱུང་བའི་རྣམ་པ་ཞིག་མངོན། སློབ་ཁང་ཁྲིམས་རའི་འདྲི་གཅོད་ཀྱི་འཐབ་ས་དང་པོར་སྤོས་པ་བརྒྱུད་ཏང་ཡོན་ལས་བྱེད་པར་བཅའ་ཁྲིམས་ཀྱི་རྔམ་བརྗིད་དང་སྒྲིག་འགལ་ཁྲིམས་འགལ་གྱི་ཡ་ང་བའི་རིན་དོད་ཐད་ཀར་ཚོར་ཐུབ་ནས“གྱོད་གཞི་གཅིག་ཞིབ་བཤེར་ཐག་གཅོད་ཀྱིས་ཡུག་ཁུལ་གཅིག་ལ་ཉེན་ཟོན་བྱེད་པའི”ཕན་འབྲས་དངོས་འབྲེལ་ཐོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།