གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁེ་ལས་དང་འབྲེལ་བའི་བུན་འདེད་བྱེད་དབང་གི་རྩོད་གཞི་ཞིག་འདྲི་གཅོད་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁེ་ལས་དང་འབྲེལ་བའི་བུན་འདེད་བྱེད་དབང་གི་རྩོད་གཞི་ཞིག་འདྲི་གཅོད་བྱེད་སྐབས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《གྱོད་དོན་ཐོ་འགོད་དང་། ཞིབ་གཅོད། ལག་བསྟར་བཅས་ལ་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ལག་བསྟར་མ་བྱས་གོང་འགལ་བ་དང་རྩོད་གཞི་སེལ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལས་ཀའི་མཛུབ་ཁྲིད》འོས་འཚམ་སྤྱད་དེ་གྲོང་ཁྱེར་དེའི“ལག་བསྟར་མ་བྱས་གོང་གི་འཐེན་སྒྱུར”དང་པོ་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་ཤིང་། གྱོད་གཞི་ལག་བསྟར་གྱི་གོ་རིམ་ལ་མ་སླེབས་གོང་། ཞུ་སྦྱོར་ཕྱི་མའི་ཀུང་སི་ཞིག་གི་སྲུང་སྡོམ་རྩིས་ཁྲའི་ནང་གི་གློག་རིན་སྒོར་ཁྲི་80དང་དེ་བཞིན་གྱོད་གཞི་བདག་སྤྲོད་ཀྱི་གྲོན་དངུལ་དང་སྲུང་སྡོམ་གྲོན་དངུལ་སྒོར་ཁྲི་2ལྷག་ཙམ་ཐད་ཀར་ཞུ་སྦྱོར་སྔ་མའི་ཀུང་སི་ཞིག་གི་རྩིས་ཁྲའི་ནང་འཐེན་སྒྱུར་བྱས་པས། ཞུ་སྦྱོར་ཕྱི་མའི་ཀུང་སི་ཞིག་གི་ཡིད་རྟོན་ལ་ཟིན་ཐོ་ངན་པ་གང་ཡང་འཁོད་མེད་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། གྱོད་གཞི་དེ་འདྲི་ཞིབ་ཐེངས་དང་པོ་བྱེད་རིང་། ཞུ་སྦྱོར་སྔ་མའི་ཀུང་སི་ཞིག་གིས་ཞུ་སྦྱོར་ཕྱི་མའི་ཀུང་སི་ཞིག་གི་དངུལ་ཁང་གི་རྩིས་ཁྲར་གྲངས་ཚང་སྲུང་སྡོམ་བྱེད་རྒྱུའི་རེ་ཞུ་བྱས་པ་དང་། འདྲི་ཞིབ་ཐེངས་གཉིས་བྱེད་རིང་ཁྲིམས་རས་འདུམ་འགྲིག་བྱས་པ་བརྒྱུད་ཕྱོགས་གཉིས་པོས་འདུམ་འགྲིག་གྲོས་མཐུན་བཞག་པས། ཞུ་སྦྱོར་ཕྱི་མའི་ཀུང་སི་ཞིག་གིས་ཞུ་སྦྱོར་སྔ་མའི་ཀུང་སི་ཞིག་ལ་སྒོར་ཁྲི་80སྤྲོད་དགོས་ཀྱི་ཡོད་པ་རེད།
འདུམ་འགྲིག་ཡི་གེར་ནུས་པ་ཐོན་རྗེས། ཞུ་སྦྱོར་ཕྱི་མའི་ཀུང་སི་ཞིག་གིས་ལག་བསྟར་བྱེད་འདོད་ཡོད་ཀྱང་ཀུང་སིའི་སྲུང་སྡོམ་རྩིས་ཁྲ་ཕུད་གནས་སྐབས་མ་དངུལ་འདང་ངེས་མེད་ཅེས་བརྗོད་པ་དང་ཆབས་ཅིག ལག་བསྟར་གོ་རིམ་དུ་སླེབས་ཚེ་ལག་བསྟར་གྲོན་དངུལ་འཐོལ་པ་སྤྲོད་དགོས་པ་མ་ཟད། ཁེ་ལས་ཀྱི་ཡིད་རྟོན་ཉམས་ཞིབ་ལ“ལག་བསྟར་བྱས་པའི་ཟིན་ཐོ”འཇོག་སྲིད་པས་རྗེས་མཐུད་ཀྱི་མ་དངུལ་བསྡུ་རུབ་དང་། འོས་སྤྲོད། མཉམ་ལས་བཅས་ཚང་མར་ངོ་བོའི་རང་བཞིན་གྱི་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།
ཞུ་སྦྱོར་ཕྱི་མའི་ཀུང་སི་ཞིག་གི་སེམས་ཁྲལ་ཤེས་རྗེས་མཉམ་གྲོས་ཁྲིམས་རས་འཕྲལ་མར་རྒྱུ་ནོར་སྲུང་སྡོམ་གི་གནས་ཚུལ་ལ་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད། སྲུང་སྡོམ་རྩིས་ཁྲའི་མ་དངུལ་གྱིས་གྱོད་འབྲེལ་གྲོན་དངུལ་ཚང་མ་འདང་ངེས་སྤྲོད་ཐུབ་པས་གོང་བཅག་ཚོང་སྒྱུར་གྱི་ཐག་གཅོད་བྱེད་མི་དགོས་པ་མ་ཟད། ཕྱོགས་གསུམ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནས་ཚུལ་མེད་པས། ལག་བསྟར་མ་བྱས་གོང་འཐེན་སྒྱུར་གྱི་སྤྱོད་འཐུས་ཆ་རྐྱེན་དང་རྦད་དེ་མཐུན་ཡོད་པ་རེད།
གྱོད་གཞི་དེ་གྲོང་ཁྱེར་ཡོངས་ཀྱི་གྱོད་དཔེ་དང་པོ་ཡིན་པས་མཉམ་གྲོས་ཁྲིམས་རས་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་དང་དེ་བཞིན་སྲུང་སྡོམ་བྱེད་མཁན་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་དང་མཐུན་སྦྱོར་གྲོས་མོལ་ཐེངས་མང་བྱས་རྗེས། མཐར་ལག་བསྟར་མ་བྱས་གོང་འཐེན་སྒྱུར་བྱེད་འགོ་ཚུགས་པ་རེད།
གྱོད་སྒྲུབ་ཚོགས་པ་ཆེད་མངགས་དངུལ་ཁང་དུ་བསྐྱོད་ནས་ཞུ་སྦྱོར་ཕྱི་མའི་ཀུང་སི་ཞིག་གིས་སྤྲོད་དགོས་པའི་དངུལ་ཚང་མ་ཞུ་སྦྱོར་སྔ་མའི་ཀུང་སི་ཞིག་གི་རྩིས་ཁྲའི་ནང་འཐེན་སྒྱུར་བྱས་པ་དང་ཆབས་ཅིག་འདྲི་ཞིབ་དང་པོའི་གྱོད་གཞི་བདག་སྤྲོད་གྲོན་དངུལ་དང་སྲུང་སྡོམ་གྲོན་དངུལ་ཚང་མ་བརྒྱུད་སྤྲོད་བྱས་ཡོད། བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་གོ་རིམ་མ་བརྒྱུད་པ་དང་། ཁེ་ལས་ཀྱི་ཡིད་རྟོན་ཉམས་ཞིབ་ཀྱི་ཟིན་ཐོ་ངན་པ་མ་ཐོན་པས། འདུམ་འགྲིག་བྱུང་བ་ནས་འོས་འགན་ལག་བསྟར་བར་འབྲེལ་མཐུད་ནུས་ལྡན་ཐུབ་ཡོད་པ་རེད།
“མཇུག་ཏུ་ལག་བསྟར”བྱེད་པ་ནས“སྔོན་ལ་འདུམ་འགྲིག”བྱེད་པའི་བར། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལག་བསྟར་མ་བྱས་གོང་གི་འཐེན་སྒྱུར་ལམ་སྲོལ་བརྒྱུད་ཞུ་གཏུག་ཐོབ་མཁན་ཕྱོགས་ཀྱི་ཁེ་དབང་མགྱོགས་མྱུར་སྲུང་ཐུབ་པར་འགན་ལེན་བྱས་པ་དང་ཆབས་ཅིག རང་འགུལ་ངང་ལག་བསྟར་བྱེད་མཁན་ཁེ་ལས་ལ“དམ་ཤོར་ཐེངས་གཅིག་གིས་གང་སར་ཚོད་འཛིན་ཕོག་པའི”དཀའ་གནད་མ་ཐོན་པ་བྱས་ཡོད། ལག་བསྟར་མ་བྱས་གོང་གི་འཐེན་སྒྱུར་ཐེངས་གཅིག་བྱས་པ་བརྒྱུད་ཁེ་ལས་ཀྱི་ཡིད་རྟོན“མིང་བྱང”སྲུང་ཐུབ་པ་མ་ཟད། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བ་རེད།
འབྲེལ་ཡོད་གསར་འགྱུར།