དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལས་སྟེགས་གཉེར་སྐྱོང་ཚད་ལྡན་དུ་གཏོང་བའི་ཐད་ཁྲིམས་འཛིན་གྱིས་དོ་གནད་ལ་ལན་འདེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཅིན་ཤིན།   |     སྤེལ་དུས།  2026-09-22

    ཐད་གཏོང་དྲ་ཚོང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། རྟོག་བཟོའི་རྒྱུ་ནོར་ཉོ་ཚོང་ཉིན་བཞིན་འཁྲུག་ཆ་དོད་དུ་འགྲོ་བ། ལས་སྟེགས་དཔལ་འབྱོར་གྱི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་ལས་སྟེགས་ཀྱི་འགན་དབང་དབྱེ་མཚམས་གསལ་པོ་མེད་པ་དང་། གཉེར་སྐྱོང་བྱེད་སྟངས་གསར་པའི་འོག་འགྲན་རྩོད་ཀྱི་སྒྲིག་སྲོལ་གསལ་པོ་མེད་པ། རྣམ་པ་གསར་པའི་འོག་འཛད་སྤྱོད་པའི་ཁེ་དབང་འགན་སྲུང་མི་ཐུབ་པ་སོགས་ཀྱི་བཅོས་སྐྱོང་ཞིབ་འཇུག་བྱ་གཞིའང་ཐོན་གྱི་ཡོད། གནད་དོན་དེ་དག་ཐག་གཅོད་བྱེད་པར་སྲིད་འཛིན་ལྟ་འདོམས་དང་ལས་རིགས་ཀྱི་རང་གཅུན་ཕུད་ཁྲིམས་འཛིན་གྱིས་ཀྱང་འགན་ཁུར་དགོས། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ལས་སྟེགས་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་དཔེ་མཚོན་གྱོད་དཔེ་ཁག་གཅིག་ཁྱབ་བསྒྲགས་བྱས་ཤིང་། ཁྲིམས་འཛིན་གྱི་ཤན་འབྱེད་ལ་བརྟེན་ནས་སྒྲིག་སྲོལ་གྱི་དབྱེ་མཚམས་ཁ་གསལ་བཟོས་ཏེ་ལས་སྟེགས་དཔལ་འབྱོར་གསར་གཏོད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་ཁྲིམས་འཛིན་གྱི་སྲུང་བཅད་བརྟན་དུ་བཏང་ཡོད།

    དྲ་རྒྱའི་འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དཀའ་བ་དང་། ཐད་གཏོང་ཚོང་གཉེར་གྱི་ཚད་གཞི་གསལ་པོ་མེད་པ། བྲིན་རྫུ་འུད་སྒྲོག་གི་ཟང་ཟིང་རྣམ་པ་ཐོན་པ། རྟོག་བཟོའི་རྒྱུ་ནོར་ཉོ་ཚོང་གི་རྩོད་གཞི་སོགས་ཀྱི་དཀའ་གནད་གསར་པའི་མདུན་དུ་ཁྲིམས་འཛིན་ལས་ཁུངས་ཀྱིས་འདྲི་གཅོད་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། ཤན་འབྱེད་ཀྱི་སྒྲིག་སྲོལ་ཁ་གསལ་བཟོ་བ། འཛད་སྤྱོད་པའི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱེད་པ། ལས་སྟེགས་ཁེ་ལས་ལ་འདྲ་མཉམ་ངང་སྲུང་སྐྱོང་བྱེད་པ་བཅས་བརྟེན་ནས། ཁྲིམས་འཛིན་གྱིས་གསར་གཏོད་ལ་སྐུལ་ལྕག་བྱེད་པ་མ་ཟད་མཐའ་ཚད་བརྟན་སྲུང་བྱེད་པའི་བཅོས་སྐྱོང་གི་བློ་གྲོས་མངོན་པར་བྱེད་དགོས།

    དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་ལན་བཏབ་ནས་གྲངས་འཛིན་དུས་རབས་ཀྱི་རྒྱུ་ནོར་ཁེ་དབང་གསར་པར་སྲུང་སྐྱོང་བྱེད་དགོས།

    ལས་སྟེགས་ཀྱི་ཐོ་ཁོངས་ཨང་གྲངས་སོགས་རྟོག་བཟོའི་རྒྱུ་ནོར་ཚོང་ལས་ཀྱི་རིན་ཐང་རྒྱུན་མཐུད་ཆེ་རུ་ཕྱིན་མོད། འོན་ཀྱང་དེ་ལས་ཐོན་པའི་ཉོ་ཚོང་དབང་ཁོངས་ཀྱི་གནད་དོན་ཡང་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ད་ཐེངས་ཡོངས་བསྒྲགས་བྱས་པའི་དཔེ་མཚོན་གྱོད་དཔེའི་ནང་ཁྲིམས་ཁང་གིས་ལས་སྟེགས་ཀྱི་ཐོ་ཁོངས་ཨང་གྲངས་ནང་བཤུག་ཉོ་ཚོང་བྱེད་རིང་ཕྱིར་ཚོང་བྱེད་མཁན་ལ་ཐོ་ཁོངས་ཨང་གྲངས་སྤྱད་པའི་ནུས་ཕྱོད་དང་ཚོང་ལས་ཀྱི་རིན་ཐང་སོགས་ལ་ཤུགས་རྐྱེན་བཟོ་བའི་ཆ་འཕྲིན་གལ་ཆེན་ཇི་མ་ཇི་བཞིན་ཤོད་པའི་ཁྲིམས་བཀོད་འོས་འགན་ཡོད་པ་ཁ་གསལ་བཏོན་ཡོད། དཔྱད་མཚམས་དེས་རྟོག་བཟོའི་རྒྱུ་ནོར་ཉོ་ཚོང་བྱེད་རིང་ཉོ་མཁན་གྱི་ཁེ་དབང་སྲུང་སྐྱོང་དཀའ་བའི་གནད་དོན་ནུས་ལྡན་ངང་བསལ་ཡོད།

    འགན་འཁྲིའི་དབྱེ་མཚམས་ཁ་གསལ་བཟོས་ནས་དྲ་རྒྱའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་འགག་གནད་སེལ་དགོས།

    དྲ་རྒྱའི་འཛད་སྤྱོད་ནི་ལས་སྟེགས་དཔལ་འབྱོར་གྱི་རྣམ་པ་གལ་ཆེན་ཞིག་རེད་ལ་རྩོད་གཞི་གཅིག་སྡུད་ཆེ་ཤོས་ཀྱི་ཁྱབ་ཁོངས་ཀྱི་གྲས་ཤིག་ཀྱང་རེད། ཉེ་ཆར། དྲ་རྒྱའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་གནད་དོན་གསར་པ་ཁག་གཅིག་ཐོན་པ་དཔེར་ན། དྲ་ཚོང་ལས་སྟེགས་ཁག་གཅིག་གི་ཁག་ཐེག་དངུལ་གྱི་ལམ་ལུགས་རྣམ་པ་ཙམ་དུ་འགྱུར་བ་དང་བཅའ་བཞུགས་ཚོང་དུད་ཀྱིས་ཡུན་རིང་དངུལ་སྨར་བཏོན་ནས་རྩིས་ཁྲ་སྟོང་པ་བཟོས་པར་བརྟེན་འཛད་སྤྱོད་པས་དངུལ་ཕྱིར་སློག་གི་རེ་ཞུ་བྱེད་ས་མེད་པ་དང་། ཐད་གཏོང་ཟོག་ཚོང་ཁག་གཅིག་གིས་ཚོང་ཟོག་བཙོངས་རྗེས་ཞབས་ཞུ་བསྒྲུབ་རྒྱུའི་ཁས་བླངས་ཀྱང་གནད་དོན་ཐོན་ཚེ་ཕན་ཚུན་ཁ་དཀྲི་འདོགས་རེས་བྱེད་པ་སོགས་རེད། དེའི་ཐད་ད་ཐེངས་ཡོངས་བསྒྲགས་བྱས་པའི་དཔེ་མཚོན་གྱོད་དཔེའི་ཁྲོད་མི་དམངས་ཁྲིམས་ཁང་གིས་ཁ་གསལ་བཏོན་དོན། ལས་སྟེགས་ཀྱིས་ཚོང་དུད་ཀྱི་གཉེར་སྐྱོང་གྲངས་གཞིར་གཞིགས་ནས་ཚོང་དུད་ཀྱིས་མ་དངུལ་དོན་འཁྱོལ་མ་བྱས་པ་ཤེས་བཞིན་དུ་སྐྱིན་ཚབ་མ་འཇལ་བའི་རིགས་ལ་ཁྲིམས་ལྟར་ཞོར་འདྲུད་འགན་འཁྲི་ཁུར་དགོས་པ་དང་། ཐད་གཏོང་ཟོག་ཚོང་ཕྱོགས་ཀྱིས་དངོས་ཟོག་བཙོངས་རྗེས་ཞབས་ཞུ་སྒྲུབ་པ་དང་སྐྱིན་ཚབ་འཇལ་རྒྱུའི་ཁས་བླངས་པ་དེ་ཁ་སྟོང་པ་བཤད་པ་ཙམ་མ་ཡིན་པར་ཁ་ཆད་ལྟར་འགན་འཁྲི་འཁུར་དགོས།

    སྒྲིག་སྲོལ་དང་མཐུན་པའི་དམར་ཐིག་ཁ་གསལ་བཟོས་ནས་དྲང་གཞག་དང་གོ་རིམ་ལྡན་པའི་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས།

    ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་གཉེར་སྐྱོང་བྱེད་སྤྱོད་ཁག་གཅིག་བཅའ་ཁྲིམས་སམ་སྒྲིག་སྲོལ་དང་མཐུན་མིན་གཏན་འབེབས་ཁ་གསལ་བྱེད་དགོས། དེར་སྲིད་འཛིན་ལས་ཁུངས་ཀྱིས་ལྟ་འདོམས་སྒྲིག་སྲོལ་ཁ་གསལ་བཟོ་དགོས་པ་མ་ཟད། ཁྲིམས་འཛིན་གྱིས་ཀྱང་དམར་ཐིག་གསལ་པོ་བཟོ་དགོས་ཀྱི་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་བཏོན་དོན། ལས་སྟེགས་དཔལ་འབྱོར་གསར་གཏོད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ལས་སྟེགས་ཁེ་ལས་ཀྱི་གྲངས་གཞི་དང་། རྩིས་རྒྱག་སྟངས། རྒྱུག་འབོར། སྒྲིག་སྲོལ་བཅས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤན་འབྱེད་ལ་བརྟེན་ནས་དོན་དངོས་ཀྱི་དོ་གནད་ལ་ལན་འདེབས་པ་དང་། སྒྲིག་སྲོལ་ལ་བརྟེན་ནས་ལས་རིགས་ཀྱི་དགེ་བརྩོན་ལ་སྣེ་ཁྲིད་བྱེད་པ། ཁྲིམས་འཛིན་ལས་ཁུངས་ཀྱིས་སྔོན་དཔག་ཐུབ་པའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་རྒྱུན་མཐུད་རོགས་རམ་བཅས་བྱས་ན། ལས་སྟེགས་དཔལ་འབྱོར་འདི་ཉིད་ཁྲིམས་སྐྱོང་གི་ལམ་དུ་བརྟན་བགྲོད་རྒྱང་འཁྱོལ་ཡོང་རྒྱུར་སྐུལ་འདེད་ཐེབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲངས་འཛིན་གྱི་སྒུལ་ནུས་རྒྱུན་ཆད་མེད་པར་སྣོན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།