བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གེགས་ཁུལ་དུ་དཔུང་སྐྱོད་བྱས་པ།
—— བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ས་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པའི་མཐོང་ཐོས།

འདི་ནི་ཟླ་8ཚེས་30ཉིན་རོགས་སྐྱོབ་མི་སྣས་རྒུད་སྐྱོབ་དངོས་ཟོག་དང་རོགས་སྐྱོབ་སྒྲིག་ཆས་སྐྱིད་གྲོང་འགག་སྒོའི་གནོད་འཚེའི་ལྟེ་བའི་ཁུལ་དུ་དབོར་རྩིས་བྱེད་བཞིན་པ།
ཟླ་8ཚེས་30ཉིན་གྱི་ཆུ་ཚོད་8པ་ཙམ་ལ། བོད་ལྗོངས་སྐྱིད་གྲོང་དུ་ཆར་པ་སིམ་སིམ་འབབ་བཞིན་ཡོད།
“མདུན་དུ་ཤོག འདི་གར་ལས་སྒྲུབ་བྱེད་ཆོག”ཁ་ལོ་བ་ཧོང་ཀྲེང་ཐེན་གྱི་མཚེ་འཕྲིན་ནས་ས་གནས་ས་ཐོག་ཏུ་ལས་སྒྲུབ་བྱེད་ཆོག་པའི་བཀའ་འབྱོར། ཁོང་དང་འཐབ་གྲོགས་ཚོའི་ཉིན་དེའི་ལས་འགན་ནི་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་དང་མཉམ་དུ་གཏོར་སྐྱོན་ཕོག་པའི་ལམ་དུམ་མྱུར་བཟོར་སྐུལ་འདེད་བཏང་ནས་གནོད་འཚེ་ཕོག་ཡུལ་དུ་ཤར་གཏོང་ཐུབ་པའི་རོགས་སྐྱོབ་བགྲོད་ལམ་གཤོང་རྒྱུ་དེ་རེད།
དེ་ཉིན་ནི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས་སྐྱིད་གྲོང་གི་ཆུ་རུད་གེགས་ཁུལ་དུ་བསྐྱོད་ནས་རོགས་སྐྱོབ་ལས་སྒྲུབ་བྱེད་པའི་ཉིན་ལྔ་པ་ཡིན།
ཟླ་8ཚེས་29ཉིན་གྱི་སྔ་དྲོར། ཛ་དྲག་རོགས་སྐྱོབ་ཀྱི་བཀའ་འབྱོར་རྗེས། དྲག་ཆས་ཉེན་རྟོག་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ཞིག་གིས་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་སྐོང་འཐེན་བྱས་ཏེ། རོགས་སྐྱོབ་སྒྲིག་ཆས་ཆེ་གྲས་མང་པོ་ཁྱེར་ནས་མཚན་མོ་དེ་རང་དུ་གེགས་ཁུལ་དུ་བསྐྱོད།
སྐྱིད་གྲོང་འགག་སྒོའི་རྒུད་སྐྱོབ་བྱ་ཡུལ་དུ། ཉེན་ཟོན་པ་ལི་ཅིན་ཁྲུང་དང་པན་གཅིག་པའི་འཐབ་གྲོགས་ཚོས་ས་གནས་ས་ཐོག་ཏུ་ཉེན་ཟོན་དང་སྒྲིག་ལམ་སྲུང་བཞིན་ཡོད། “ང་ཚོ་ནི་མི་དམངས་ཀྱི་བུ་ཕྲུག་དམག་ཡིན་པས་གདོང་མཆོང་བྱེད་དགོས། ཉེན་ཁ་གང་དུ་ཡོད་ཚེ་ང་ཚོ་དེ་གར་འགྲོ་དགོས”ཅེས་ཉེན་ཟོན་པ་ལི་ཅིན་ཁྲུང་གིས་གསར་འགོད་པར་བཤད།
གསར་འགོད་པ་དང་ཐག་མི་རིང་བའི་སར། ཁ་ལོ་བ་ཧོང་ཀྲེང་ཐེན་གྱིས་གཟབ་ནན་ངང་རྐོ་འདྲུའི་འཕྲུལ་འཁོར་མདུན་ཕྱོགས་སུ་གཏོང་བཞིན་ཡོད། འཕྲུལ་འཁོར་འདམ་རྫབ་ནང་གཏོང་སྐབས། འདམ་རྫབ་མཐུག་པའི་རྐྱེན་གྱིས་འཁོར་ཤུལ་གཏིང་རིང་པོ་ཞིག་བཞག་ཡོད།
ཟླ་8ཚེས་30ཉིན་གྱི་ཆུ་ཚོད་14ཡི་བར། དྲག་ཆས་ཉེན་རྟོག་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ཞིག་གི་དཔོན་དམག་ཚོས་རིམ་རྩིས་བརྒྱབ་ན་འགྲོ་ལམ་སྨི་200ལྷག་ཙམ་ཡངས་སུ་བཏང་ནས་ཆུ་རུད་ཀྱི་གསོག་དངོས་སྨི་རྒྱ་དཔངས་གྲུ་བཞི་3000ལྷག་ཙམ་གཙང་སེལ་བྱས་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར། སྐྱིད་གྲོང་འགག་སྒོའི་ཉེན་སེལ་རྒུད་སྐྱོབ་ལས་འགན་གྱི་བཀའ་རྒྱ་གཞིར་བཟུང་། ཟླ་8ཚེས་30ཉིན་གྱི་སྔ་དྲོར། བོད་དམག་ཁུལ་ཁང་གིས་མངགས་པའི་སྨན་བཅོས་རིམས་འགོག་ཡན་ལག་རུ་ཁག་གིས་སྒྲིག་ཆས་ཡོ་ཆས(ཆ་ཚང)40ལྷག་ཙམ་དང་རིམས་འགོག་སྨན་ཁབ་དང་དེ་བཞིན་དུག་སེལ་སྨན་རྫས་དང་ཡོ་ཆས(ཆ་ཚང)སོགས་400ལྷག་ཙམ་ཁྱེར་བ་དང་། དམིགས་བསལ་འཁོར་རིགས་7བཏང་ནས་སྐྱིད་གྲོང་འགག་སྒོར་འཕྲལ་མར་བསྐྱོད་པ་རེད།
སྨན་བཅོས་རིམས་འགོག་ཡན་ལག་རུ་ཁག་གི་རུ་དཔོན་ལི་གོ་ཁའེ་ཡིས་གསར་འགོད་པར། ཡན་ལག་རུ་ཁག་ལ་སྔོན་ཚུད་ཀྱི་བཀའ་རྒྱ་འབྱོར་རྗེས། འཕྲལ་མར་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ་དང་འབྲེལ་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་ཇུས་གཞི་འཐུས་སྒོ་ཚང་དུ་བཏང་ནས་དམིགས་སའི་རང་བཞིན་གྱི་ཆེད་ལས་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ལ་མྱུར་སྐྱོབ་དང་། ཞིབ་དཔྱད་ཚད་ལེན། དུག་སེལ་སོགས་ཀྱི་ཡོ་ཆས་ཁ་གསབ་བྱས་ཡོད་ཅེས་བཤད།
ཉིན་ཤས་བསྟུད་མར། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་མུ་མཐུད་འབད་འཐབ་བྱས་ཤིང་། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་གཞིས་རྩེ་ཉིང་ལག་རུ་ཁག་གི་དཔོན་དམག་ཚོས་གནོད་འཚེའི་ལྟེ་བའི་ཁུལ་དུ་མུ་མཐུད་བསྐྱོད་དེ་འགྲོ་ལམ་གཤོང་བ་དང་། མི་སྣ་འཚོལ་སྐྱོབ། མངོན་མེད་རྐྱེན་ངན་གྲལ་བཤེར། དུག་སེལ་དང་རིམས་ནད་སྔོན་འགོག་བཅས་བྱས་ནས། སྐམ་སའི་རོགས་སྐྱོབ་བགྲོད་ལམ་མྱུར་བཟོ་བྱས་པ་རེད། བོད་དམག་ཁུལ་ཁང་སྐམ་དམག་མཁའ་འགྲུལ་ལུའེ་ཤོག་ཅིག་གིས་གནོད་འཚེ་ཕོག་ཁུལ་དུ་ཐད་འཕུར་གནམ་གྲུ་ཐེངས་མང་བཏང་ནས་གེགས་སེལ་དངོས་ཟོག་བསྐྱལ་ཏེ། མཁའ་ཐོག་མཁོ་སྤྲོད་ཀྱི་སྦྲེལ་ལམ་ཤར་གཏོང་བྱས་པ་རེད། འཕྲོད་བསྟེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་སྟོབས་ཤུགས་ཁག་གིས་ཀྱང་དུས་གཅིག་ཏུ་གནས་སྤོ་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་སྐོར་སྐྱོད་སྨན་བཅོས་དང་། དངོས་ཟོག་ཁ་གསབ། ཁོར་ཡུག་དུག་སེལ་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཡོད།
མིག་སྔར་མི་སྣ་འཚོལ་སྐྱོབ་དང་གཙོ་གནད་ཉེན་ཁ་གྲལ་བཤེར་སོགས་ཀྱི་རོགས་སྐྱོབ་བྱ་སྤྱོད་སྔར་བཞིན་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།