མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཤའི་ཐོན་རྫས་ལ་ཆེད་དོན་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ།
ཉེ་ཆར། མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྒར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་ཁོངས་གཏོགས་དེའི་ཤའི་ཐོན་རྫས་ལ་ཆེད་དོན་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་རེད།
ཐེངས་འདིའི་ཞིབ་བཤེར་བྱེད་ཁོངས་སུ་ཞིང་ཟོག་ཁྲོམ་རའི་ཤ་ཁྲོམ་དང་། ཚོང་ར་དང་ཚོང་ཁང་གི་རྗེན་སོས་ཆེད་འཚོང་ཁུལ། ཚྭ་སྦྱངས་ཟས་རིགས་བཙོས་མ་ཚོང་ཁང་། རྒྱ་ཁོག་དང་མའོ་ཚལ་ཟ་ཁང་སོགས་ཚུད་ཡོད་ལ་གཙོ་བོ་ཕག་ཤ་དང་། ནོར་ལུག་གི་ཤ གྲང་འཁྱགས་ཟས་ཆོག་ཤ ཚྭ་སྦྱངས་ཤ་བཙོས་མ་སོགས་ལ་གྲལ་བཤེར་བྱས་པ་རེད། ཁྲིམས་སྒྱུར་མི་སྣས་ཚོང་དུད་ཁག་གི་གཉེར་སྐྱོང་ལག་ཁྱེར་དང་། བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར། ལས་ཞུགས་མི་སྣའི་བདེ་ཐང་ལག་ཁྱེར་བཅས་ལ་རིམ་བཞིན་ཞིབ་བཤེར་བྱས་པ་དང་འབྲེལ། ཤའི་ཐོན་རྫས་ཀྱི་ནད་ཡམས་ཞིབ་བཤེར་ཚད་ལོན་ལག་ཁྱེར་དང་། སྤུས་ཚད་ཞིབ་བཤེར་ཚད་ལོན་ལག་ཁྱེར་དང་དེ་བཞིན་ཚོང་ཟོག་ཉོ་འདྲེན་དཔང་འཛིན་བཅས་ལ་ཞིབ་བསྡུར་ནན་པོ་བྱས་ནས་ཚོང་ཟོག་གི་འབྱུང་ཁུངས་གསལ་པོ་བཟོས་ཏེ། ནད་ཡམས་ཞིབ་བཤེར་འགྲོ་ལུགས་གཉེར་མེད་པ་དང་འབྱུང་ཁུངས་གང་ཡིན་གསལ་པོ་མི་ཤེས་པའི་ཤའི་ཐོན་རྫས་ཁྲོམ་རར་བཏོན་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ལ་ཐག་གཅོད་ནན་པོ་བྱས་པ་རེད།
ཐེངས་འདིའི་བྱ་སྤྱོད་ནང་རིམ་རྩིས་བརྒྱབ་ན་གཉེར་སྐྱོང་བྱེད་པོ་77དང་ཤའི་ཐོན་རྫས་ཁག་ཐེངས་10ལ་ཞིབ་བཤེར་བྱས་ཀྱང་ཁྲིམས་འགལ་གྱི་བཟའ་བཅའི་སྦྱོར་རྟ་བརྒྱབ་པའི་གནད་དོན་གཅིག་ཀྱང་ཐོན་མེད་པ་རེད།
འབྲེལ་ཡོད་གསར་འགྱུར།