དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • འདི་དག་ཚང་མ་ངས་སྒྲུབ་དགོས་ངེས་ཡིན་པས་གོས་དར་སྤྲོད་དགོས་མེད།

    —— སྟོད་ལུང་བཙན་ཤེད་ལོགས་བཀར་དུག་གཅོད་སུའོ་ཡི་མི་དམངས་ཉེན་རྟོག་པ་བསྟན་འཛིན་ལྷུན་གྲུབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-08

    ད་ལོའི་ཟླ་དང་པོར། རང་སྐྱོང་ལྗོངས་དུག་གཅོད་དོ་དམ་ཅུས་ཏང་ཨུད་ཀྱིས་ཕུལ་བྱུང་མི་དམངས་ཉེན་རྟོག་པའི་འཐུས་མི་སྟེ་ལོ་40ལ་སླེབས་པའི་བསྟན་འཛིན་ལྷུན་གྲུབ་བར་སྐོར་ཁྲིམས་འཛིན་སུའོ་རུ་མངགས་པ་དང་། ཁོང་གིས་སྡེ་ཁུལ་གྱི་ཡོ་བསྲང་དང་། བཀོད་སྒྲིག་རོགས་སྐྱོར། འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད། བཅའ་ཁྲིམས་ཁྱབ་གདལ་དང་དེ་བཞིན་དུག་འགོག་དྲིལ་བསྒྲགས་སོགས་ཁྱབ་ཁོངས་སུ་ལས་དོན་གཏིང་ཟབ་སྤེལ་བ་རེད།

    ལས་གནས་སུ་སླེབས་པའི་ཉིན་དང་པོ་ནས་བཟུང་། བསྟན་འཛིན་ལྷུན་གྲུབ་ཀྱིས་ཁྲིམས་འཛིན་སུའོ་ཡི་ལས་བྱེད་པ་དང་མཉམ་དུ་གཞུང་དོན་སྒྲུབ་པ་དང་། ལས་རེས་བྱེད་པ། འགག་སྒྲོལ་བྱེད་པ་བཅས་བྱས་ཏེ་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལས་དོན་དང་། འབྲེལ་མཐུད་ལས་སྒོ། མཉམ་དུ་འགན་འཁྲི་སྒྲུབ་པ་བཅས་བྱས་ནས་ལས་བགོས་ཁ་གསལ་དང་ནུས་ཆེའི་མཉམ་འགུལ་གྱི་ལས་ཀའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ། དུག་གཅོད་ལས་དོན་པ་ནས་གཞི་རིམ་བཅོས་སྐྱོང་གི“ལས་ཀ་སྣ་མང་འཇོན་མཁན”ཞིག་ཏུ་མགྱོགས་མྱུར་གྱུར་ཡོད།

    བར་སྐོར་ཁམས་བཟང་འདུམ་འགྲིག་ཁང་དུ་སྐྱོད་སྐབས་གོས་དར་གསུམ་མིག་ལམ་དུ་གསལ་ལེར་མངོན། གྱང་ངོས་སུ་ད་དུང“ཁམས་བཟང་དམངས་བདེ། ཡུལ་ཁམས་འཆམ་མཐུན”དང་། “མི་སེར་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཁབ་ལ་འགན་འཁྲི་སྒྲུབ་པ། སྤྱི་ཚོགས་ལ་འགན་འཁྲི་འཁུར་བ”སོགས་འདུམ་འགྲིག་སྐོར་གྱི་སྦྱར་ཡིག་ཡིག་ཕྲེང་འགའ་འཁོད་འདུག

    ཁོང་གིས“མང་ཚོགས་འདུམ་འགྲིག་ཁང་དུ་ཡོང་སྟེ་འགལ་བ་དང་སེམས་ཁྲལ་བསལ་ནས་ཚང་མ་བློ་བདེ་པོ་ཡོང་བའི་རེ་བ་ཡོད”ཅེས་བརྗོད།

    2025ལོར། ཤའོ་ཆེ་གེ་མོ་སོགས་ཞིང་པ་ལས་མི་བརྒྱད་ཀྱིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་གྱི་གསོལ་མགྲོན་ཁང་ག་གེ་མོ་ཞིག་ལ་མཛེས་བཟོ་ཚར་རྗེས་གླ་ཆ་མ་རག་པས་ཐེངས་མང་འདེད་ཀྱང་མ་སྤྲད་སྟབས། ད་ལོའི་ཟླ་4ཚེས་7ཉིན་བར་སྐོར་ཁམས་བཟང་འདུམ་འགྲིག་རུ་ཁག་ལ་རོགས་སྐྱོར་གནང་རོགས་ཞུས་པ་རེད།

    རེ་ཞུ་འབྱོར་རྗེས་འདུམ་འགྲིག་རུ་ཁག་གིས་འདུམ་འགྲིག་ལམ་སྲོལ་ལག་ལེན་མགྱོགས་མྱུར་བསྟར་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་སྐུལ་འདེད་མགྱོགས་མྱུར་བཏང་བ་རེད།

    འདུམ་འགྲིག་བྱེད་རིང་། བསྟན་འཛིན་ལྷུན་གྲུབ་ཀྱིས་བཅའ་ཁྲིམས་དང་དེ་བཞིན་གླེང་མོལ་འབྲེལ་གཏུག་གི་ཆེད་ལས་ཀྱི་ལེགས་ཆ་བཏོན་ཏེ། ཤའོ་ཆེ་མོ་སོགས་ལ་སེམས་གསོ་གཏོང་ཞོར་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ནས་ཁེ་དབང་སྲུང་སྐྱོང་ལ་དཔྱོད་ཤེས་ཀྱི་ཁྲིད་སྟོན་བྱས་པ་དང་། ཕྱོགས་གཅིག་ནས་ལས་མི་སྤྱོད་མཁན་ཕྱོགས་སྐོང་འདྲི་བྱས་ཏེ《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》དང་། དེ་བཞིན་ཡིད་རྟོན་ཤོར་བའི་མཇུག་འབྲས་གསལ་པོ་བཤད་པ་རེད། གྲོས་མོལ་ཐེངས་མང་བྱས་རྗེས་ཕྱོགས་གཉིས་པོས་ས་གནས་ས་ཐོག་ཏུ་འདུམ་འགྲིག་གི་གྲོས་མཐུན་བཞག་པ་རེད།

    གྲོས་མཐུན་ལ་མིང་རྟགས་བཀོད་ཟིན་ཡང་ལས་ཀ་ད་དུང་མཇུག་འགྲིལ་མེད། བསྟན་འཛིན་ལྷུན་གྲུབ་ཀྱིས“འདུམ་ཡང་མ་འགྲིག་པ་དང་འགྲིག་ཀྱང་དོན་འཁྱོལ་མ་བྱུང་བ”གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད། ཁོང་གིས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་སྒྲུབ་སྐུལ་བྱས་ནས་ལས་མི་སྤྱོད་མཁན་ཕྱོགས་ཀྱིས་གླ་ཆ་འགྱངས་ཆད་བྱས་པ་དུས་ཐོག་ཏུ་གྲངས་ཚང་སྤྲོད་པར་སྐུལ་འདེད་བཏང་ཞིང་། ཟླ་4ཚེས་10ཉིན། གླ་ཆ་ཚང་མ་རྩིས་ཁྲར་འབྱོར་ཡོད།

    བསྟན་འཛིན་ལྷུན་གྲུབ་ཀྱིས་འགལ་བའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐུབ་པ་མ་ཟད། ང་རྒྱལ་དྲག་པོ་ཚོད་འཛིན། ཐོལ་བྱུང་དོན་རྐྱེན་ཐག་གཅོད། བཅའ་ཁྲིམས་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་རྩོད་གཞི་ཐག་གཅོད་སོགས་ཀྱི་ཆེད་ལས་ཀྱི་འཇོན་ཐང་ཚང་མ་བར་སྐོར་ཁམས་བཟང་འདུམ་འགྲིག་ཁང་དུ་བཏོན་ནས། འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་དང་། མདུན་ཕྱོགས་ནས་སེལ་བ། ས་ཆ་དེ་གར་ཐག་གཅོད། གྱོད་གཞི་ཐག་གཅོད་བཅས་ལ་སྐུལ་འདེད་བཏང་ཡོད།

    ད་ལོ་ནས་བཟུང་། བར་སྐོར་ཁམས་བཟང་འདུམ་འགྲིག་ཁང་གིས་འགལ་བ་དང་རྩོད་གཞི་སྣ་ཚོགས་ཁག་23གྲུབ་འབྲས་ཐོབ་པའི་ངང་བསལ་བར་འབྲེལ་ཡོད་དངུལ་འབོར་སྒོར་ཁྲི་66ལྷག་ཙམ་ཟིན་ཡོད།

    རྩོད་གཞི་ཐག་གཅོད་བྱེད་ཐེངས་རེ་རེ་དང་དཀའ་གནད་ཐག་གཅོད་བྱེད་ཐེངས་ཚང་མར་གོས་དར་དང་ཐུགས་རྗེ་ཞུ་ཡིག་སྐྱེལ་འདོད་མཁན་མང་པོ་ཡོད། འོན་ཀྱང་བསྟན་འཛིན་ལྷུན་གྲུབ་ཀྱིས་རྟག་ཏུ་འཛུམ་དམུལ་དམུལ་ངང་དེ་དག་དང་ལེན་མ་བྱས་པར་སྒམ་ཞིང་བབ་ཆགས་པོའི་ངང“གོས་དར་དང་ཐུགས་རྗེ་ཞུ་ཡིག་གཏན་ནས་མི་དགོས། དེ་དག་ཚང་མ་ངས་སྒྲུབ་དགོས་ངེས་རེད”ཅེས་བརྗོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།