གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་རླངས་འཁོར་དོ་དམ་སུའོ་རུ།
རིག་ནུས་རང་འདེམས་སྒྲིག་ཆས་བཙུགས། དམངས་ལ་སྟབས་བདེ་ཆེན་པོ་བསྐྲུན།
རླངས་འཁོར་གྱི་ལས་སྒོ་གཉེར་རིང་མང་ཚོགས་གནས་མང་པོར་འགྲོ་དགོས་པ་དང་། བང་ཡུན་རིང་སྒྲིག་དགོས་པ། ལས་ཕྱོད་ཆུང་བ་སོགས་ཀྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ཏེ། གཞི་རིམ་གྱི་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་འཐབ་ཕྱོགས་བརྟན་དུ་གཏོང་བ་དང་། སྤྱི་བདེའི་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། རིག་ནུས་ཅན། དམངས་ཕན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་རླངས་འཁོར་དོ་དམ་སུའོ་ཡིས་ཞབས་ཞུའི་རྣམ་པ་རིམ་སྤོར་གསར་གཏོད་བྱས་ཏེ། ཁ་ལོ་བའི་ལག་ཁྱེར་གཉེར་བའི་གཟུགས་གཞི་བརྟག་དཔྱད་དང་པར་ལེན་གཞི་གཅིག་ཅན་དང་རླངས་འཁོར་ཁ་ལོ་བའི་དོ་དམ་ལས་སྒོའི་རང་འདེམས་བདག་སྤྲོད་སྒྲིག་ཆས་དངོས་སུ་སྤྱོད་འགོ་ཚུགས་པར། གྲོང་ཁྱེར་དེ་ཡོངས་ཀྱི་རིག་ནུས་རང་འདེམས་སྒྲིག་ཆས་ཀྱི་རྫོང་རིམ་པའི་རླངས་འཁོར་དོ་དམ་སུའོ་དང་པོར་གྱུར་པ་དང་། གྲངས་འཛིན་ཉེན་དོན་གྱིས་དམངས་འཚོར་ཞབས་འདེགས་ཞུ་བར་མཐུན་རྐྱེན་སྦྱར་ཏེ། དམངས་ཕན་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཧུར་ཐག་བྱས་པ་རེད།
རང་འདེམས་སྒྲིག་ཆས་གསར་རྐྱང་གིས་གཅིག་འཐུས་རྣམ་པའི་ཐོག་ནས་ཁ་ལོ་བའི་ལག་ཁྱེར་གཉེར་སྐབས་ཀྱི་གཟུགས་པོའི་བརྟག་དཔྱད་དང་། ལག་ཁྱེར་པར་ལེན། འཁོར་རྟགས་དང་ལག་ཁྱེར་གསབ་བརྗེ། འགྲིམ་འགྲུལ་ཁྲིམས་འགལ་རང་འདེམས་ཐག་གཅོད་སོགས་རླངས་འཁོར་ཁ་ལོ་བའི་དོ་དམ་ལས་སྒོ་གཙོ་བོ་མང་པོ་གཉེར་ཆོག་པ་དང་། སྲོལ་རྒྱུན་གྱི་ལས་དོན་སྒྲུབ་སྟངས་ཀྱི་ལས་རིམ་བཀག་རྒྱ་དང་ལས་ཕྱོད་ཀྱི་འཇུར་མིག་ནུས་ལྡན་བསལ་ཏེ། ལས་སྒྲུབ་ཀྱི་དུས་ཚོད་ཐུང་དུ་བཏང་བས། ལས་སྒོ་མང་པོ་གཅིག་སྡུད་སྒྲུབ་གཉེར་དང་སྟབས་བདེའི་ངང་གཉེར་ཐུབ་པ་བྱུང་ཡོད།
དེ་དང་ཆབས་ཅིག རྫོང་ཁོངས་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་སྒྲུབ་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། སྒྲིག་ཆས་ནང་བོད་རྒྱ་སྐད་གཉིས་བཀོལ་སྤྱོད་ཤོག་ངོས་དང་དེ་བཞིན་རིག་ནུས་སྐད་བརྡའི་ཁྲིད་སྟོན་མ་ལག་ཆེད་མངགས་བཀོད་སྒྲིག་བྱས་སྟབས། བཀོལ་སྤྱོད་བརྒྱུད་རིམ་སྟབས་བདེ་ལ་གོ་བདེ་བ་དང་ཁྲིད་སྟོན་ཁ་གསལ་བས། མང་ཚོགས་ཁག་གཅིག་གི་སྤྱོད་དཀའ་བ་དང་སྤྱོད་མི་ཤེས་པའི་གནད་དོན་ཐག་གཅོད་ཡག་པོ་ཐུབ་ཡོད་ལ། རིག་ནུས་ཅན་གྱི་ཞབས་ཞུ་ས་གནས་དེ་གའི་དོན་དངོས་དང་འཚམ་པ་དང་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ། ཞབས་ཞུའི་འཚམ་མཐུན་རང་བཞིན་དང་ཀུན་ཕན་རང་བཞིན་ཆེ་རུ་ཏན་ཏིག་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།