དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-11

    འདི་ནི་བཀོད་འཐབ་པས་འགྲོ་ལམ་གྱི་འཁྱིལ་ཆུ་འཐེན་བཞིན་པ།

    ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ་དུ་རྒྱུན་མཐུད་ཆར་པ་འབབ་པའི་གནམ་གཤིས་བསྟན་པས། གསེར་རྙེད་ཆུས་ཀྱི་ལམ་དུམ་ཁག་གཅིག་དང་གྲོང་མི་སྡོད་ཁུལ་སོགས་ས་ཆ་མང་པོ་ཞིག་ལ་ཚད་གཞི་མི་འདྲ་བའི་ཆར་ཆུ་འཁྱིལ་བ་དང་ཆུ་བཤང་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ཐོན་ཞིང་། ཆར་པ་རྒྱུན་མཐུད་བབས་པས་ཆར་ཆུ་འཁྱིལ་སའི་ས་ཁོངས་གྱི་ཆུ་ཁ་མཐོ་རུ་ཤུགས་ཆེན་ཕྱིན་ནས། མང་ཚོགས་ཀྱི་རྒྱུན་གཏན་འགྲུལ་བཞུད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་མ་ཟད། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལའང་གནོད་སྐྱོན་བཟོས་ཡོད། ནག་ཆུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་རང་འགུལ་ངང་འཐབ་ས་མདུན་མར་སྐྱོད་པ་དང་། བཀོད་སྒྲིག་གནད་ལ་འཁེལ་བ། ཧུར་ཐག་འབད་ཐག་གིས་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། གོ་རིམ་ལྡན་པའི་ངང་རིམ་ཁག་སྟོབས་ཤུགས་སྒྲིག་འཛུགས་ནུས་ལྡན་བྱས་ནས་འཁྱིལ་ཆུ་བཤང་བའི་ཉེན་སེལ་ལས་དོན་སྤེལ་བ་རེད།

    ཉེན་བརྡ་དང་ལེན་བྱས་རྗེས། ཉིང་ལག་རུ་ཁག་གི་འགོ་ཁྲིད་ཀྱིས་འཕྲལ་དུ་ཉིང་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་སུ་འབྲུབ་ཆུ་རྒྱས་པའི་གནས་ཚུལ་དང་ཉེན་ཆེའི་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་ཅིང་། ཉེན་དོན་སྙན་སེང་ཞུས་པའི་ས་ཆ་མང་བ་དང་འཁྱིལ་ཆུ་བཤང་བའི་ལས་ཀའི་དུས་ཡུན་རིང་བ་སོགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས། “གཅིག་གྱུར་བཀོད་གཏོང་དང་། རིམ་དབྱེའི་འགན་འཁུར། ཚན་རིག་དང་མཐུན་པའི་བཀོད་སྒྲིག བདེ་འཇགས་ཨང་དང་པོར་འཇོག་པ”བཅས་ཀྱི་རྩ་དོན་ལ་གཞིགས་ཏེ། ཀྲེ་ཅང་ཤར་ལམ་གྱི་དམིགས་བསལ་ལས་སྒྲུབ་ས་ཚིགས་དང་། ལྷ་ས་བྱང་ལམ་མེ་གསོད་རོགས་སྐྱོབ་ས་ཚིགས། ལྷ་ས་ལྷོ་ལམ་མེ་གསོད་རོགས་སྐྱོབ་ས་ཚིགས། རླངས་འཁོར་7དང་མི་29སྒྲིག་འཛུགས་བྱས་ནས་གྲོང་ཁུལ་གྱི་ཆུ་འཁྱིལ་ཚབས་ཆེ་བའི་ས་ཁོངས་4རུ་འཁྱིལ་ཆུ་དང་འབྲུབ་ཆུ་བཤང་བའི་ལས་དོན་སྤེལ་བ་རེད།

    ནག་ཆུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། གནམ་གཤིས་ཀྱི་འགྱུར་ལྡོག་དང་འབྲུབ་ཆུ་རྒྱས་པའི་གནས་ཚུལ་ལ་དོ་ཁུར་རྒྱུན་མཐུད་བྱས་ཏེ། ས་མཐོའི་འབྲུབ་ཆུ་རྒྱས་དུས་ལ་གཞི་ཚུགས་པ་དང་ས་བབ་མཐོ་བའི་གནོད་འཚེའི་ཆོས་ཉིད་ལ་དམ་པོར་དམིགས་པ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་དང་སྔོན་ཚུད་ནས་གྲ་སྒྲིག་བྱེད་པ། ལས་འགན་སྒྲུབ་པ་དང་དམག་འཐབ་གྲ་སྒྲིག་བྱེད་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ཁག་གི་གྲ་སྒྲིག་ཡག་པོ་བྱེད་པ། ཉེན་ཁའི་གནས་ཚུལ་ཐོན་ཚེ་མགྱོགས་མྱུར་དང་ལེན་དང་བཀོད་སྒྲིག་ནུས་ལྡན་ཐུབ་པར་འགན་ལེན་བཅས་བྱས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་སྲུང་བཅད་བརྟན་དུ་ཏན་ཏིག་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།