ཉིང་ཁྲིའི་རྫ་ཡུལ་མེ་གསོད་རུ་ཁག་གིས་ས་མཐོའི་འགྲོ་ལམ་རོགས་སྐྱོབ་ཀྱི་ཆེད་དོན་དངོས་སྦྱོང་བྱས་པ།



པར་འདི་དག་ནི་སློབ་སྟོན་པས་ས་མཐོའི་ལས་སྒྲུབ་ཁོར་ཡུག་ལ་དམིགས་ནས་ལག་རྩལ་གྱི་འགག་གནད་ལ་འགྲེལ་བཤད་བརྒྱབ་སྟེ་ཁོང་ཚོར་ས་མཐོའི་འགྲོ་ལམ་རོགས་སྐྱོབ་ཀྱི་ཆེད་ལས་རྩལ་ནུས་དམར་ཁྲིད་བྱེད་བཞིན་པ།
རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་ནས། འགྲོ་ལམ་རོགས་སྐྱོབ་ཀྱི་དངོས་འཐབ་ཞན་ཆ་ཏན་ཏིག་བསལ་ཏེ་འཕྲལ་སྡོམ་ཐག་གཅོད་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ཉིང་ཁྲིའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་རྫ་ཡུལ་རུ་ཆེན་གྱིས་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཏུང་ཀོན་གྲོང་ཁྱེར་གནམ་སྔོན་རོགས་སྐྱོབ་རུ་ཁག་བསླབ་རྒན་སློབ་སྟོན་པའི་ཚོགས་པ་གསོ་སྦྱོང་ལ་གདན་དྲངས་པ་རེད།
ད་ཐེངས་ཀྱི་དངོས་སྦྱོང་དེ་ཏུན་ཀོན་གྲོང་ཁྱེར་གནམ་སྔོན་རོགས་སྐྱོབ་རུ་ཁག་གི་སློབ་སྟོན་པའི་ཚོགས་པས་ས་མཐོའི་རོགས་སྐྱོབ་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་སློབ་ཁྲིད་ནང་དོན་བཟོས་པ་མ་ཟད། བརྒྱུད་རིམ་ཧྲིལ་པོའི་རོགས་ཁྲིད་མཛུབ་ཁྲིད་བྱས་པ་རེད། གསོ་སྦྱོང་ནང་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་དང་། དཔེ་མཚོན་བསྐྱར་སློབ། ནང་དོན་ནང་སྦྱོང་བཅས་ཟུང་འབྲེལ་བྱེད་སྟངས་སྤྱད་དེ། རླངས་འཁོར་བཤིག་གསོ་བྱེད་པ་དང་། གུ་དོག་སར་རོགས་སྐྱོབ་བྱེད་པ། རྨས་མ་མགྱོགས་མྱུར་སྐྱེལ་བ་སོགས་ཀྱི་དངོས་སྦྱོང་ནང་དོན་གཙོ་བོར་དམིགས་ནས་སློབ་ཁྲིད་བྱས་ཡོད། སློབ་སྟོན་པས་ས་མཐོའི་ལས་སྒྲུབ་ཁོར་ཡུག་ལ་གཞི་ཚུགས་ནས། སྒྲིག་ཆས་བཀོལ་སྤྱོད་དང་། ངེས་གནས་འདེམས་ལེན། ཚན་ཁག་དང་ཚོགས་ཆུང་མཉམ་སྒྲུབ། ཉེན་ཁར་དོ་དམ་ཚོད་འཛིན་བཅས་དང་དེ་བཞིན་བདེ་འཇགས་འགོག་སྲུང་སོགས་ཀྱི་འགག་རྩའི་གཙོ་གནད་ལ་དམིགས་ནས། ས་གནས་ས་ཐོག་ཏུ་ཚད་ལྡན་གྱི་ཐག་གཅོད་བྱེད་སྟངས་བསླབས་པ་དང་། བཀོལ་སྤྱོད་ཀྱི་ཞིབ་ཕྲའི་གནད་དོན་ཡོ་བསྲང་བྱས་ཏེ། སྦྱོང་བརྡར་ནང་ཞུགས་མཁན་ཚོར་ས་མཐོའི་འགྲོ་ལམ་རོགས་སྐྱོབ་ཀྱི་ཆེད་ལས་རྩལ་ནུས་དམར་ཁྲིད་བྱས་ཡོད།
དངོས་འཐབ་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱ་ཆེད། ད་ཐེངས་ཀྱི་དངོས་སྦྱོང་ནང་བེད་མེད་རླངས་འཁོར་སྤྱད་དེ་ལས་འཛོལ་ཐོན་ཡུལ་དུ་རླངས་འཁོར་བཟོ་ལྟ་གྱུར་ནས་སྒོ་ཕྱེ་དཀའ་བ་དང་མི་སྣ་གུ་དོག་སར་ལུས་པ་སོགས་ཀྱི་དཔེ་མཚོན་ལས་འཛོལ་འདྲ་བཟོ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ས་མཐོའི་རོགས་སྐྱོབ་དངོས་སྦྱོང་གནད་སྨིན་བསྐྱར་སྦྱོང་བྱས་ཡོད། སྦྱོང་བརྡར་ནང་ཞུགས་མཁན་བཀོད་འཐབ་པ་ཚོས་ཚོགས་ཆུང་བགོས་ནས་རེས་མོས་སྦྱོང་བརྡར་བྱེད་པ་དང་། ལས་མི་ཡོངས་དངོས་འཐབ་ནང་ཞུགས་ནས་ཉེན་ཁའི་དཔྱོད་ནུས་དང་། ས་ཁོངས་བཀོད་སྒྲིག སྒྲིག་ཆས་བཀོལ་སྤྱོད། མཉམ་དུ་འགག་སྒྲོལ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དངོས་སྦྱོང་ནང་དོན་ལེགས་སྒྲུབ་བྱས་པས། དབྱིངས་ཞུགས་རྣམ་པའི་དངོས་སྦྱོང་ཁྲོད་རོགས་སྐྱོབ་ཀྱི་འཐབ་རྩལ་ཁོང་དུ་ཆུད་པ་མ་ཟད། དངོས་འཐབ་ཉམས་མྱོང་ཡང་བསགས་ཡོད།
འབྲེལ་ཡོད་གསར་འགྱུར།