དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་སྦག་སྦག་སྨྱོ་གཏོང་བྱེད་རིགས་ལ་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-31

    “གཟའ་མཇུག་སྐབས་སྒེའུ་ཁུང་རྩ་བ་ནས་འབྱེད་ཕོད་ཀྱི་མི་འདུག མཚན་མོ་འཆར་རིམ་བཞིན་ལ་ལྡིར་སྒྲ་ཆད་རྒྱུ་མི་འདུག སྐབས་རེ་ཐོ་རེངས་ཆུ་ཚོད་དང་པོ་དང་གཉིས་པའི་སྐབས་སུ་ཡང་སྦག་སྦག་སྨྱོ་གཏོང་བྱེད་མཁན་འདུག ཁྱིམ་གྱི་རྒན་རྒོན་སྙིང་ཡག་པོ་མེད་ལ་ཕྲུ་གུ་ཚོའི་གཉིད་ཀྱང་དཀྲོག་གི་འདུག”ཅེས་ལྷ་ས་གྲོང་ཁྱེར་གཙང་འགྲམ་ལམ་ཉེ་འཁོར་གྱི་ཁུལ་ཆུང་གི་གྲོང་མི་བཟང་མོ་འུ་ཐུག་ནས་བཤད།

    མང་ཚོགས་ཀྱི་འབོད་སྒྲ་ནི་བྱ་སྤྱོད་སྤེལ་བའི་སྔོན་བརྡ་ཡིན། གཙང་འགྲམ་ལམ་དུ་གཟའ་མཇུག་དང་ལྷག་པར་མཚན་གུང་དུ་སྦག་སྦག་སྨྱོ་གཏོང་བྱེད་མཁན་མང་བར་དམིགས་ནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱིས་གནད་སྨིན་ཤུགས་འདོན་བྱས་ཏེ་མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་ཆེན་པོ་བྱེད་སའི་ལམ་དུམ་དང་དུས་མཚམས་སུ་སྐོར་སྐྱོད་སྐོར་གཡེང་བྱས་པ་རེད།

    མཚན་མོ་བཅོས་སྒྲིག་བྱེད་ཁག་པོ་ཡོད། སྦག་སྦག་སྨྱོ་གཏོང་བྱེད་མཁན་མི་ཉུང་བ་ཞིག་གིས་ཞིབ་བཤེར་ལ་གཡོལ་ཆེད་རྐང་བཙུགས་ནས་མཚན་མོའི་ཆུ་ཚོད་23པ་ནས་ཐོ་རེངས་ཆུ་ཚོད་3པའི་བར་གཏོང་གི་ཡོད། དེར་བརྟེན་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ལས་དོན་བབ་བསྟུན་ལེགས་སྒྲིག་བྱས་ཏེ་ཉེན་རྟོག་པ་བཀོད་སྒྲིག་དང་ལས་སྒྲུབ་དུས་ཚོད་ནར་འགྱངས་བྱས་པ་མ་ཟད། སྦག་སྦག་སྨྱོ་གཏོང་བྱེད་མཁན་མང་བའི་མཚན་གུང་དུ་སྐོར་གཡེང་སྟོབས་ཤུགས་གཅིག་སྡུད་བྱས་ཐོག་སྐོར་གཡེང་བྱེད་ཐེངས་མང་དུ་དང་སྐོར་གཡེང་ཁྱབ་ཁོངས་ཆེ་རུ་བཏང་སྟེ་སྦག་སྦག་སྨྱོ་གཏོང་བྱེད་མཁན་ཚོ་སྦས་ས་སྐུང་ས་མེད་པར་བཟོས་པ་རེད།

    ལམ་ངོས་ནས་ཞིབ་བཤེར་ནན་པོ་བྱས་པ་དང་ཆབས་ཅིག འབྱུང་རྩ་ནས་བཅོས་སྒྲིག་བྱས་པ་རེད། འགྲིམ་འགྲུལ་ཉེན་རྟོག་པ་གཙང་འགྲམ་ལམ་ཉེ་འཁོར་གྱི་སྡེ་ཁུལ་དང་། ཁྲོམ་གཞུང་གི་ཚོང་ཁང་། སྦག་སྦག་ཕྱིར་ཚོང་དང་ཉམས་གསོ་ཁང་སོགས་སུ་བསྐྱོད་དེ“སྦག་སྦག་སྨྱོ་གཏོང་བྱེད་མི་རུང་བའི”དྲིལ་བསྒྲགས་བྱས་པ་རེད། སྦག་སྦག་ཁྲིམས་འགལ་བཅོས་སྒྲིག་དང་མྱུར་ཚད་ལས་བརྒལ་ནས་བཏང་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ངོ་ཐུག་གདོང་འཕྲད་ཀྱིས་འགྲེལ་བཤད་བརྒྱབ་པ་དང་ཆབས་ཅིག ཚོང་དུད་ཁག་ལ་སྦག་སྦག་བཅོས་སྒྲིག་གི་ལྷུ་ལག་འཚོང་མི་ཆོག་པ་དང་ལྐོག་ཏུ་བཅོས་སྒྲིག་བྱེད་མི་ཆོག་པའི་དྲན་སྐུལ་དང་། སྦག་སྦག་ལ་བཞོན་པར་དགའ་པོ་བྱེད་མཁན་ཚོར“ཡ་རབས་ངང་བཞོན་ནས་མི་གཞན་ལ་སུན་པོ་མི་བཟོ་བའི”འདུ་ཤེས་འཛུགས་རྒྱུའི་ཁྲིད་སྟོན་ཡང་བྱས་པ་རེད།

    བཅོས་སྒྲིག་བྱེད་རིང་། འགྲིམ་འགྲུལ་ཉེན་རྟོག་པས་སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩད་ཆོད་པའི་སྦག་སྦག་ཁྲིམས་འགལ་བཅོས་སྒྲིག་དང་། ལྡིར་སྒྲས་མང་ཚོགས་ལ་སུན་པོ་བཟོས་པ། མྱུར་ཚད་ལས་བརྒལ་ནས་འགྲན་བསྡུར་བྱས་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་བཅད་པ་དང་འབྲེལ། འཁོར་བདག་ལ་དུས་བཀག་ནང་སྦག་སྦག་གི་དེ་སྔའི་རྣམ་པ་སླར་གསོ་བྱ་རྒྱུའི་བཀའ་བཏང་སྟེ“གཅིག་དཔེ་བརྒྱ་འགེབས”དང“དུས་ཐུང་བྱ་སྤྱོད”ཀྱི་དབང་དུ་མི་འགྲོ་བར་བྱས་པ་རེད། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་སྦག་སྦག་སྨྱོ་གཏོང་བྱེད་པའི་ཟང་ཟིང་རྣམ་པ་རྒྱུན་རྣམ་བཅོས་སྒྲིག་གིས་བྱ་སྤྱོད་ཏན་ཏན་ཏིག་ཏིག་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བསློགས་ཏེ་ས་མཐོའི་གྲོང་ཁྱེར་འདིའི་ལྷིང་འཇགས་ཞི་མཐུན་གྱི་མཚན་མོ་བསྲུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།