དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  བོད་ལྗོངས་ཁྲིམས་ལུགས་ཚགས་པར།   |     སྤེལ་དུས།  2026-07-28

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

    (2009ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2026ལོའི་ཟླ་1ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་བསྐྱར་བཅོས་བྱས་པ)

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། ལྟ་སྐུལ་ལས་ཀའི་འཆར་གཞི།

    ལེའུ་གསུམ་པ། ཆེད་དོན་ལས་ཀའི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱེད་ཕྱོགས།

    ལེའུ་བཞི་པ། ནོར་སྲིད་དཔལ་འབྱོར་ལས་ཀའི་ལྟ་སྐུལ་བྱེད་ཕྱོགས།

    ལེའུ་ལྔ་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་ཕྱོགས།

    ལེའུ་དྲུག་པ། འདྲི་རྩད་དང་ཆེད་དོན་འདྲི་རྩད་བྱེད་ཕྱོགས།

    ལེའུ་བདུན་པ། ལྟ་སྐུལ་བྱེད་སྟངས་གཞན་དག

    ལེའུ་བརྒྱད་པ། ལྟ་སྐུལ་ལས་ཀ་ཡོངས་བསྒྲགས་བྱེད་ཕྱོགས།

    ལེའུ་དགུ་པ། ཞར་བྱུང་།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2026〕ཡིག་ཨང་2པ།

    《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས>ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》 འདི་2026ལོའི་ཟླ་1ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་བསྐྱར་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2026ལོའི་ཟླ་2ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2026ལོའི་ཟླ་1ཚེས་27ལ།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང(གཤམ་དུ་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཅེས་བསྡུ་རྒྱུ)གིས་ཁྲིམས་བཞིན་ལྟ་སྐུལ་འགན་དབང་སྤྱོད་རྒྱུ་འགན་སྲུང་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་ཡོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་བ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྟ་སྐུལ་འགན་དབང་སྤྱོད་སྐབས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་། ལྟ་སྐུལ་དོན་གནད་གལ་ཆེན་རིགས་ངེས་པར་དུ་འཕྲལ་མར་རིམ་མཚུངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་དགོས།

    མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྟ་སྐུལ་འགན་དབང་སྤྱོད་སྐབས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་པར་འགན་ལེན་ཏན་ཏིག་དང་། སྲིད་འཛིན་དབང་ཆ་དང་། ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་སྤྱོད་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས།

    མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྟ་སྐུལ་འགན་དབང་སྤྱོད་སྐབས་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེ་བཅས་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ཏེ་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་བཟུང་ཐོག བསྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་འགན་ལེན་བྱེད་དགོས།

    དོན་ཚན་གསུམ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྟ་སྐུལ་འགན་དབང་སྤྱོད་སྐབས་ངེས་པར་དུ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་གོང་འཕེལ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་དང་སྐུལ་འདེད་གཏོང་དགོས།

    མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་གཟིགས་ཞིབ་དང་། ཆེད་དོན་བརྟག་ཞིབ། ཁྲིམས་སྒྱུར་ཞིབ་བཤེར། ཆེད་དོན་འདྲི་རྩད། དེ་བཞིན་འཐུས་མི་ཚོགས་འདུར་ཟུར་ཞུགས་བྱེད་པར་གདན་འདྲེན་ཞུ་བ་སོགས་ཀྱི་བྱེད་ཐབས་སྤྱོད་པ་དང་། འཐུས་མིའི་ཁྱིམ་ཚང་དང་། འཐུས་མིའི་འབྲེལ་གཏུག་ས་ཚུགས། གཞི་རིམ་ཁྲིམས་བཟོའི་འབྲེལ་གཏུག་ས་ཚིགས་སོགས་ཀྱི་ལས་སྟེགས་བརྒྱུད་ནས། ལྟ་སྐུལ་ལས་ཀའི་ནང་འཐུས་མི་ཞུགས་རྒྱ་ཆེ་རུ་བཏང་སྟེ་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    དོན་ཚན་བཞི་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྟ་སྐུལ་འགན་དབང་སྤྱོད་སྐབས། ངེས་པར་དུ་གནད་ལ་འཁེལ་བའི་སྒོ་ནས་བརྗོད་གཞི་འདེམས་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ལྟ་སྐུལ་བྱེད་སྟངས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱད་དེ་ལྟ་སྐུལ་ལས་ཀའི་དམིགས་བཀར་རང་བཞིན་དང་། མཐུན་སྦྱོར་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས།

    མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ལྟ་སྐུལ་ལས་དོན་སྤེལ་ཏེ་གྲངས་གཞི་ཕན་ཚུན་སྦྲེལ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་གཏོང་དགོས།

    མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལྟ་སྐུལ་བྱེད་སྟངས་གཞན་དག་དབར་ལ་འབྲེལ་མཐུད་གཞོགས་འདེགས་དང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། རྣམ་གྲངས་གཉེར་བ་དང་། ལག་བསྟར་བྱེད་པ། ཕན་འབྲས་འདྲི་བ་སོགས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་ལྟ་སྐུལ་བྱས་ཐོག བྱ་བ་མ་བསྒྲུབས་གོང་མཉམ་དུ་གྲོས་མོལ་དང་། བྱ་བ་སྒྲུབ་རིང་མཉམ་དུ་སྐུལ་སྤེལ། བྱ་བ་བསྒྲུབས་རྗེས་མཉམ་དུ་ལྟ་སྐུལ་བཅས་བྱེད་པའི་ལྟ་སྐུལ་ལས་ཀའི་མ་ལག་བཙུགས་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པ་བྱེད་དགོས།

    དོན་ཚན་ལྔ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་གཞིར་བཟུང་མཉམ་སྡེབ་ཀྱིས་ལྟ་སྐུལ་འགན་དབང་སྤྱོད་རྒྱུ། རྒྱུན་ཨུད་ཀྱི་ཀྲུའུ་རེན་ཚོགས་འདུའི(གཤམ་དུ་ཀྲུའུ་རེན་ཚོགས་འདུ་ཞེས་བསྡུ་རྒྱུ)ཐོག་རྒྱུན་ཨུད་ཀྱིས་ལྟ་སྐུལ་འགན་དབང་སྤྱོད་པའི་ནང་གི་རྒྱུན་ལྡན་ལས་ཀ་གལ་ཆེན་ཐག་གཅོད་བྱེད་འགན་འཁུར་རྒྱུ།

    མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ཨུད་ལས་དོན་ལས་ཚན་དང་དོན་གཅོད་ལས་ཚན་གྱིས་ཞིབ་ཕྲའི་ལྟ་སྐུལ་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ།

    དོན་ཚན་དྲུག་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་ལ་ལྟ་སྐུལ་བྱེད་དགོས་ཤིང་། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་ལྟར་ལྟ་ཞིབ། ཁྲིམས་འཛིན་དྲང་གཞག་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་མངའ་རིས་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་། ས་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་བཅས་ཀྱི་ལས་ཀར་ལྟ་སྐུལ་བྱེད་དགོས།

    མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་ངེས་པར་དུ་དོ་ནན་ངང་བཅའ་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་། འགན་འཁྲི་གཙང་སྒྲུབ། ལས་དོན་སྤེལ་བ་བཅས་བྱས་ནས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུ་དགོས།

    ལེའུ་གཉིས་པ། ལྟ་སྐུལ་ལས་ཀའི་འཆར་གཞི།

    དོན་ཚན་བདུན་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྟ་སྐུལ་ལས་ཀ་སྤེལ་སྐབས། ངེས་པར་དུ་ལོ་འཁོར་གྱི་ལྟ་སྐུལ་ལས་ཀའི་འཆར་གཞི་བཟོས་ནས་ལས་ཀར་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆེད་དོན་ལས་ཀའི་སྙན་ཞུ་དང་། ནོར་སྲིད་དཔལ་འབྱོར་ལས་ཀའི་ལྟ་སྐུལ། བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་གྱི་ཞིབ་བཤེར། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར། ཆེད་དོན་འདྲི་རྩད། ཆེད་དོན་བརྟག་ཞིབ་སོགས་ཉན་ནས་གྲོས་ཞིབ་བྱ་རྒྱུར་བཀོད་སྒྲིག་བྱེད་དགོས།

    ལོ་འཁོར་གྱི་ལྟ་སྐུལ་ལས་ཀའི་འཆར་གཞིར་ངེས་པར་དུ་ལྟ་སྐུལ་ལས་ཀའི་གྲོས་དོན་དང་། ལྟ་སྐུལ་བྱེད་སྟངས། སྒྲུབ་མཁན་ལས་ཚན། སྤེལ་བའི་དུས་ཚོད་སོགས་ཀྱི་ནང་དོན་ཁ་གསལ་བཟོ་དགོས།

    དོན་ཚན་བརྒྱད་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་དོན་དངོས་གཞིར་བཟུང་། བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེ་བཅས་ཀྱི་ལས་དོན་སྤྱི་ཡོངས་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ། སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་བཅས་ལ་དམིགས་ནས་ཁྲིམས་ལྟར་ལོ་འཁོར་གྱི་ལྟ་སྐུལ་ལས་དོན་གྱི་གྲོས་དོན་གཏན་འཁེལ་བྱེད་དགོས།

    ལྟ་སྐུལ་ལས་ཀའི་གྲོས་དོན་གཙོ་བོ་གཤམ་གསལ་གྱི་དོན་གནད་ལ་དམིགས་ནས་གཏན་འཁེལ་བྱས་ཆོག་པ་སྟེ།

    (གཅིག) རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་ལས་དོན་སྤེལ་ཚུལ་དང་།

    (གཉིས) གྲོང་གསེབ་དར་རྒྱས་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར། རྣམ་གྲངས་གལ་ཆེན་འཛུགས་སྐྲུན། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་སོགས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ཚུལ།

    (གསུམ) མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་སྤེལ་ཚུལ།

    (བཞི) མཐའ་མཚམས་ས་ཁུལ་འཛུགས་སྐྲུན་དང་། མཐའ་སྲུང་སྲ་བརྟན། མཐའ་དར་དམངས་ཕྱུག་སོགས་ཀྱི་ལས་དོན་སྤེལ་ཚུལ།

    (ལྔ) རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སོགས་ལག་བསྟར་བྱས་ཚུལ།

    (དྲུག) ལྟ་སྐུལ་བྱེད་དགོས་པའི་དོན་གནད་གཞན་དག་བཅས་སོ།

    དོན་ཚན་དགུ་པ། མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ཨུད་ལས་དོན་ལས་ཚན་དང་དོན་གཅོད་ལས་ཚན་གྱིས་ངེས་པར་དུ་ལོ་རེའི་ཟླ་བཅུ་གཅིག་པའི་ཟླ་མཇུག་གོང་ལོ་འཁོར་རྗེས་མའི་ལྟ་སྐུལ་ལས་ཀའི་གྲོས་དོན་སྐོར་གྱི་གྲོས་འཆར་འདོན་དགོས། མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་ལོ་འཁོར་རྗེས་མའི་ལྟ་སྐུལ་ལས་ཀའི་གྲོས་དོན་སྐོར་གྱི་གྲོས་འཆར་འདོན་སྐབས། ངེས་པར་དུ་ལོ་དེའི་ཟླ་བཅུ་གཅིག་པའི་ཟླ་མཇུག་གོང་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་ཡིག་ཐོག་ནས་འདོན་དགོས། རྒྱུན་ཨུད་དོན་གཅོད་ལས་ཚན་གྱིས་སྤྱི་ཚོགས་ཐོག་ལྟ་སྐུལ་ལས་ཀའི་གྲོས་དོན་སྐོར་གྱི་གྲོས་འཆར་ཡོངས་བསྒྲགས་སུ་བསྡུ་ལེན་བྱས་ཆོག

    རྒྱུན་ཨུད་དོན་གཅོད་ལས་ཚན་གྱིས་ངེས་པར་དུ་ལྟ་སྐུལ་ལས་ཀའི་གྲོས་དོན་སྐོར་གྱི་གྲོས་འཆར་གཞིགས་ནས་ལོ་འཁོར་རྗེས་མའི་ལྟ་སྐུལ་ལས་ཀའི་འཆར་གཞིའི་འཆར་ཟིན་འདོན་དགོས་པ་དང་། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་རྗེས་ཀྲུའུ་རེན་ཚོགས་འདུར་ཕུལ་ནས་གྲོས་འཆམ་བྱ་རྒྱུ།

    ཀྲུའུ་རེན་ཚོགས་འདུའི་ཐོག་དགོས་མཁོ་དངོས་ལ་གཞིགས་ནས་ལོ་འཁོར་གྱི་ལྟ་སྐུལ་ལས་ཀའི་འཆར་གཞི་ལེགས་སྒྲིག་འོས་འཚམ་བྱས་ཆོག

    དོན་ཚན་བཅུ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལོ་འཁོར་ལྟ་སྐུལ་ལས་ཀའི་འཆར་གཞི་དེ་རྒྱུན་ཨུད་དོན་གཅོད་ལས་ཚན་གྱིས་རྒྱུན་ཨུད་ཀྱི་ཁོངས་མི་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། དེ་བཞིན་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ཨུད་དོན་གཅོད་ལས་ཚན་བཅས་ལ་པར་འགྲེམས་བྱ་རྒྱུ།

    ལེའུ་གསུམ་པ། ཆེད་དོན་ལས་ཀའི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱེད་ཕྱོགས།

    དོན་ཚན་བཅུ་གཅིག་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ཆེད་དོན་ལས་ཀའི་སྙན་ཞུ་མ་ཉན་གོང་། ཀྲུའུ་རེན་ཚོགས་འདུས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཁོངས་མི་དང་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་འབྲེལ་ཡོད་ཆེད་དོན་ལས་ཀར་གཟིགས་ཞིབ་བམ་ཡང་ན་ཆེད་དོན་བརྟག་ཞིབ་བྱས་ཆོག མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ཨུད་འབྲེལ་ཡོད་དོན་གཅོད་ལས་ཚན་གྱིས་ཆེད་དོན་ལས་ཀར་ཆེད་དམིགས་བརྟག་ཞིབ་བྱས་ཆོག་ལ་སྙན་ཞུ་བཏོན་ནས་རྒྱུན་ཨུད་ཚོགས་འདུར་པར་འགྲེམས་བྱས་ཆོག

    རྒྱུན་ཨུད་ཀྱིས་ཆེད་དོན་ལས་ཀའི་སྙན་ཞུ་ཉན་པ་དང་གྲོས་ཞིབ་མ་བྱས་གོང་། རྒྱུན་ཨུད་དོན་གཅོད་ལས་ཚན་གྱིས་ངེས་པར་དུ་ཕྱོགས་ཁག་གི་བསམ་འཆར་ཕྱོགས་བསྡུས་བྱས་ཏེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་ཞིབ་འཇུག་བྱ་རྒྱུར་སྤྲོད་དགོས་ཤིང་། ཆེད་དོན་ལས་ཀའི་སྙན་ཞུའི་ནང་ཇི་བྱས་བརྡ་ལན་ཡོད་པ་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་གི་དོན་གཅོད་ལས་ཚན་བཅས་ཀྱིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཚོགས་འདུ་མ་འཚོགས་གོང་གི་ཉིན་ཉི་ཤུའི་སྔོན་དུ་ཆེད་དོན་ལས་ཀའི་སྙན་ཞུ་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ཨུད་འབྲེལ་ཡོད་དོན་གཅོད་ལས་ཚན་ལ་ཕུལ་ནས་བསམ་འཆར་བསྡུ་ལེན་བྱ་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ཨུད་འབྲེལ་ཡོད་དོན་གཅོད་ལས་ཚན་གྱིས་ངེས་པར་དུ་འཕྲལ་མར་བསམ་འཆར་འདོན་དགོས་པ་མ་ཟད་བརྡ་ལན་སྤྲོད་དགོས། མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་སྙན་ཞུར་བཟོ་བཅོས་བརྒྱབ་རྗེས་ངེས་པར་དུ་རྒྱུན་ཨུད་ཀྱི་ཚོགས་འདུ་མ་འཚོགས་གོང་གི་ཉིན་བཅུའི་སྔོན་དུ་རྒྱུན་ཨུད་ལ་འབུལ་དགོས་པ་དང་། གཏན་འབེབས་བྱས་པའི་དུས་ཚོད་ལྟར་མ་བསྐྱལ་ཚེ། ཀྲུའུ་རེན་ཚོགས་འདུའི་ཐོག་དེར་གསལ་བཤད་རྒྱག་དགོས་པའི་བླང་བྱ་བཏོན་ཆོག

    རྒྱུན་ཨུད་དོན་གཅོད་ལས་ཚན་གྱིས་ངེས་པར་དུ་རྒྱུན་ཨུད་ཀྱི་ཚོགས་འདུ་མ་འཚོགས་གོང་གི་ཉིན་བདུན་གྱི་སྔོན་དུ་ཆེད་དོན་ལས་ཀའི་སྙན་ཞུ་དེ་རྒྱུན་ཨུད་ཀྱི་ཁོངས་མིར་སྤྲོད་དགོས།

    དོན་ཚན་བཅུ་གསུམ་པ། ཆེད་དོན་ལས་ཀའི་སྙན་ཞུ་དེ་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་འཁུར་བས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་སྙན་སེང་ཞུ་དགོས་པ་དང་། མི་དམངས་སྲིད་གཞུང་གིས་ཀྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བར་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་སྙན་སེང་ཞུ་རྒྱུའི་མངགས་བཅོལ་བྱས་ཆོག

    རྒྱུན་ཨུད་ཀྱིས་གཟིགས་ཞིབ་བམ་ཡང་ན་ཆེད་དོན་བརྟག་ཞིབ་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་འདུར་ཟུར་ཞུགས་བྱ་རྒྱུར་གདན་ཞུ་བྱས་ནས་བསམ་འཆར་བཏོན་ཆོག

    དོན་ཚན་བཅུ་བཞི་པ། ཀྲུའུ་རེན་ཚོགས་འདུས་སྙན་ཞུ་དེ་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་སྤྲོད་རྒྱུའི་གཏན་འཁེལ་བྱས་ཆོག

    ཀྲུའུ་རེན་ཚོགས་འདུས་སྙན་ཞུ་དེ་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་སྤྲོད་རྒྱུའི་གཏན་འཁེལ་བྱས་ཚེ། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་གྲོས་ཞིབ་བསམ་འཆར་བཏོན་ནས་ཀྲུའུ་རེན་ཚོགས་འདུར་ཕུལ་ནས་མོས་མཐུན་གཏན་འཁེལ་བྱུང་རྗེས་རྒྱུན་ཨུད་ཚོགས་འདུར་པར་འགྲེམས་བྱ་རྒྱུ།

    དོན་ཚན་བཅོ་ལྔ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཁོངས་མིས་ཆེད་དོན་ལས་ཀའི་སྙན་ཞུར་གྲོས་ཞིབ་བྱེད་སྐབས། གཤམ་གསལ་གྱི་ནང་དོན་གཙོ་གནད་དུ་གྲོས་ཞིབ་བྱ་རྒྱུ་སྟེ།

    (གཅིག) སྙན་ཞུའི་ལས་ཁུངས་ཀྱིས་ཁྲིམས་ལྟར་འབྲེལ་ཡོད་ཆེད་དོན་ལས་དོན་སྤེལ་ཡོད་མེད་དང་།

    (གཉིས) སྙན་ཞུའི་གནས་ཚུལ་དེ་དངོས་ཡོད་དང་ཇི་མ་ཇི་བཞིན་ཡིན་མིན།

    (གསུམ) ལས་ཀའི་ཕན་འབྲས་དང་། ལྷག་བསྡད་གནད་དོན་དང་རྒྱུ་རྐྱེན།

    (བཞི) གནད་དོན་ཐག་གཅོད་དང་ལས་ཀ་ལེགས་བཅོས་ཀྱི་བྱེད་ཐབས།

    (ལྔ) གཙོ་གནད་དུ་གྲོས་ཞིབ་བྱེད་དགོས་པའི་ནང་དོན་གཞན་དག་བཅས་སོ།

    དོན་ཚན་བཅུ་དྲུག་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཁོངས་མིས་ཆེད་དོན་ལས་ཀའི་སྙན་ཞུར་གྲོས་ཞིབ་བྱས་པའི་བསམ་འཆར་དེ་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ཨུད་འབྲེལ་ཡོད་ལས་དོན་ལས་ཚན་ནམ་དོན་གཅོད་ལས་ཚན་གྱིས་ལེགས་སྒྲིག་བྱེད་དགོས་པ་དང། རྒྱུན་ཨུད་དོན་གཅོད་ལས་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་སྤྲོད་དགོས། དགོས་ངེས་སྐབས་གྲོས་ཞིབ་བསམ་འཆར་སྒྲུབ་སྤྲོད་བྱེད་པའི་ཚོགས་འདུ་འཚོགས་ཆོག

    མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་ངེས་པར་དུ་གྲོས་ཞིབ་བསམ་འཆར་འབྱོར་ཉིན་ནས་བཟུང་གི་ཟླ་གསུམ་ནང་ཚུན་དང་། འགོར་ཤོས་ལའང་ཟླ་དྲུག་ལས་མི་བརྒལ་བ་བྱས་ཏེ། གྲོས་ཞིབ་བསམ་འཆར་ཞིབ་འཇུག་དང་ཐག་གཅོད་བྱས་ཚུལ་དེ་དེའི་དོན་གཅོད་ལས་ཚན་གྱིས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ཨུད་འབྲེལ་ཡོད་དོན་གཅོད་ལས་ཚན་ལ་བསམ་འཆར་བསྡུ་ལེན་བྱ་རྒྱུར་སྐྱེལ་སྤྲོད་བྱས་རྗེས། རྒྱུན་ཨུད་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས། གྲོས་ཞིབ་བསམ་འཆར་ཞིབ་འཇུག་དང་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུའི་ནང་ངེས་པར་དུ་ཞིབ་འཇུག་དང་ཐག་གཅོད་བྱས་པའི་བརྒྱུད་རིམ་དང་། ནང་དོན། གནད་དོན་དོན་འཁྱོལ་བྱས་ཚུལ་དང་དེ་བཞིན་གསལ་བཤད་བྱེད་དགོས་པའི་གནད་དོན་གཞན་དག་བཅས་གསལ་བཤད་བྱེད་དགོས།

    རྒྱུན་ཨུད་ཀྱིས་དགོས་པ་འདུག་སྙམ་ཚེ་ཆེད་དོན་ལས་ཀའི་སྙན་ཞུར་གྲོས་ཆོད་བཞག་ཆོག མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་ངེས་པར་དུ་གྲོས་ཆོད་ནང་གཏན་འབེབས་བྱས་པའི་དུས་བཀག་ལྟར་གྲོས་ཆོད་ལག་བསྟར་བྱས་ཚུལ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་སྙན་སེང་ཞུ་དགོས།

    དོན་ཚན་བཅུ་བདུན་པ། མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཁོངས་མིས་གྲོས་ཞིབ་བྱས་པའི་བསམ་འཆར་ལ་ཞིབ་འཇུག་ཐག་གཅོད་བྱས་ཚུལ་ལམ་ཡང་ན་གྲོས་ཆོད་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་དེ་ཀྲུའུ་རེན་ཚོགས་འདུས་རྒྱུན་ཨུད་ལ་གྲོས་ཞིབ་བྱ་རྒྱུར་འབུལ་དགོས་མིན་གྱི་གྲོས་ཐག་གཅོད་རྒྱུའམ་ཡང་ན་སྔོན་ལ་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ཨུད་འབྲེལ་ཡོད་དོན་གཅོད་ལས་ཚན་ལ་ཞིབ་འཇུག་བྱ་རྒྱུར་ཕུལ་ནས་བསམ་འཆར་བཏོན་རྗེས་རྒྱུན་ཨུད་ལ་གྲོས་ཞིབ་བྱ་རྒྱུར་འབུལ་དགོས་མིན་གཏན་འཁེལ་བྱེད་དགོས། རྒྱུན་ཨུད་ཀྱི་ཁོངས་མིས་གྲོས་ཞིབ་བྱེད་སྐབས་གནས་ཚུལ་ལ་གཞིགས་ཏེ་སྙན་ཞུ་འབུལ་མཁན་ལས་ཁུངས་ལ་ཁ་གསབ་གསལ་བཤད་དམ་ཡང་ན་བསྐྱར་དུ་སྙན་སེང་ཞུ་དགོས་པའི་རེ་བ་བཏོན་ཆོག དགོས་ངེས་ཀྱི་སྐབས་རྒྱུན་ཨུད་ཀྱིས་རྗེས་འདེད་ལྟ་སྐུལ་བྱ་རྒྱུ་སྒྲིག་འཛུགས་བྱས་ཆོག

    ལེའུ་བཞི་པ། ནོར་སྲིད་དཔལ་འབྱོར་ལས་ཀའི་ལྟ་སྐུལ་བྱེད་ཕྱོགས་སྐོར།

    དོན་ཚན་བཅོ་བརྒྱད་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ཁྲིམས་ལྟར་གཤམ་གསལ་གྱི་ནོར་སྲིད་དཔལ་འབྱོར་ལས་ཀར་ལྟ་སྐུལ་བྱེད་དགོས་པ་སྟེ།

    (གཅིག) རིམ་པ་དེ་གའི་ངེས་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་རྒྱུ་དང་།

    (གཉིས) རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ལོ་ལྔའི་འཆར་འགོད་རྩ་གནད་ལག་བསྟར་བྱས་ཚུལ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

    (གསུམ) སྔོན་རྩིས་ལག་བསྟར་བྱས་ཚུལ།

    (བཞི) རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ལོ་ལྔའི་འཆར་འགོད་རྩ་གནད་དང་འཆར་གཞི་ལེགས་སྒྲིག་བྱ་རྒྱུའི་ཇུས་གཞིར་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ།

    (ལྔ) སྔོན་རྩིས་ལེགས་སྒྲིག་བྱ་རྒྱུའི་ཇུས་གཞིར་ཞིབ་བཤེར་དང་ཆོག་མཆན་སྤྲོད་རྒྱུ།

    (དྲུག) གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ།

    (བདུན) སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ།

    (བརྒྱད) དངུལ་རྩའི་ལས་དོན་བསྒྲུབས་ཚུལ།

    (དགུ) སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་ལས་དོན་སྤེལ་ཚུལ་དང་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ།

    (བཅུ) ནོར་སྲིད་དཔལ་འབྱོར་ཁྱབ་ཁོངས་ཀྱི་དོན་གནད་གལ་ཆེན་གཞན་དག་བཅས་སོ།

    དོན་ཚན་བཅུ་དགུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་རེའི་ཟླ་དྲུག་པ་ནས་ཟླ་དགུ་པའི་རིང་ལོ་འཁོར་གོང་མའི་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་དེ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་ཞིབ་བཤེར་ཆོག་མཆན་ཞུ་རྒྱུར་འབུལ་དགོས། ངེས་རྩིས་འཆར་ཟིན་དེ་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱིས་ཆོག་མཆན་སྤྲད་པའི་སྔོན་རྩིས་ནང་འཁོད་རྩིས་ཚན་ལྟར་བཟོ་འགོད་བྱེད་དགོས་པ་དང་། སྔོན་རྩིས་ཀྱི་གྲངས་དང་། ལེགས་སྒྲིག་བྱས་པའི་སྔོན་རྩིས་ཀྱི་གྲངས། དེ་བཞིན་ངེས་རྩིས་ཀྱི་གྲངས་བཅས་ཁག་སོ་སོར་འགོད་དགོས་པ་མ་ཟད་གསལ་བཤད་ཀྱང་བྱེད་དགོས།

    དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་རེའི་ཟླ་དྲུག་པ་ནས་ཟླ་དགུ་པའི་རིང་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་ལོ་འཁོར་གྱི་དུས་རིམ་གོང་མའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་དང་སྔོན་རྩིས་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་དགོས།

    མི་དམངས་འཐུས་ཚོགས་ཀྱིས་ཆོག་མཆན་སྤྲད་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་དང་སྔོན་རྩིས་ལག་བསྟར་བྱེད་པའི་ནང་ལེགས་སྒྲིག་བྱེད་དགོས་པའི་ཆ་ཤས་རིགས། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལེགས་སྒྲིག་ཇུས་གཞི་དེ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་ཞིབ་བཤེར་ཆོག་མཆན་ཞུ་རྒྱུར་འབུལ་དགོས།

    དོན་ཚན་ཉེར་གཅིག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ལོ་ལྔའི་འཆར་འགོད་རྩ་གནད་དེ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱས་པའི་ལོ་གསུམ་པར་འཆར་འགོད་རྩ་གནད་ལག་བསྟར་བྱས་ཚུལ་གྱི་དུས་དཀྱིལ་དཔྱད་དཔོག་སྙན་ཞུ་བྱེད་དགོས་པ་དང་འབྲེལ་ལོ་དེ་གའི་དུས་ཚིགས་བཞི་པར་འཆར་འགོད་རྩ་གནད་ལག་བསྟར་བྱས་ཚུལ་གྱི་དུས་དཀྱིལ་དཔྱད་དཔོག་སྙན་ཞུ་དེ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་དགོས།

    རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ལོ་ལྔའི་འཆར་འགོད་རྩ་གནད་ལ་དུས་དཀྱིལ་གྱི་དཔྱད་དཔོག་བྱས་པ་བརྒྱུད་ལེགས་སྒྲིག་བྱེད་དགོས་ཚེ། མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལེགས་སྒྲིག་ཇུས་གཞི་དེ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་ཞིབ་བཤེར་ཆོག་མཆན་ཞུ་རྒྱུར་འབུལ་དགོས།

    དོན་ཚན་ཉེར་གཉིས་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ངེས་པར་དུ་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱས་ནས་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་སྙན་ཞུའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས།

    རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་ལྟར་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་སྙན་སེང་ཞུ་དགོས། གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་སྙན་སེང་ཞུ་སྐབས་ཕྱོགས་བསྡུས་སྙན་ཞུ་དང་ཆེད་དོན་སྙན་ཞུ་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱོད་དགོས། ཕྱོགས་བསྡུས་སྙན་ཞུར་ངེས་པར་དུ་རིགས་འདྲ་མིན་གྱི་གཞུང་ཁོངས་རྒྱུ་ནོར་དང་དོ་དམ་གྱི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་དང་གནད་འཁེལ་གྱི་སྒོ་ནས་མཚོན་དགོས་པ་དང་། ཆེད་དོན་སྙན་ཞུར་ངེས་པར་དུ་གནས་ཚུལ་དངོས་ལ་གཞིགས་ནས་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར(དངུལ་རྩའི་ཁེ་ལས་ཚུད་མེད)དང་། དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར། གཞུང་ཁོངས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་སོགས་དོ་དམ་བྱས་ཚུལ་དང་། དོ་དམ་ཕན་འབྲས། འབྲེལ་ཡོད་གནད་དོན། བཅོས་སྒྲིག་ལས་ཀའི་བཀོད་སྒྲིག་བཅས་སོ་སོར་མཚོན་པར་བྱེད་དགོས།

    དོན་ཚན་ཉེར་གསུམ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ངེས་པར་དུ་སྲིད་གཞུང་གི་བུ་ལོན་ལ་ལྟ་སྐུལ་བྱས་ཏེ་སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ་སྙན་ཞུའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས།

    རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་ལྟར་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་སྲིད་གཞུང་གི་བུ་ལོན་གྱི་གཞི་ཁྱོན་དང་། གྲུབ་ཚུལ། སྤྱོད་སྒོ། ཉེན་ཁ། འཇལ་སྤྲོད་འཆར་གཞི་སོགས་ཀྱི་གནས་ཚུལ་སྙན་སེང་ཞུ་དགོས།

    དོན་ཚན་ཉེར་བཞི་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ངེས་པར་དུ་དངུལ་རྩའི་ལས་དོན་ལ་ལྟ་སྐུལ་བྱས་ཏེ་དངུལ་རྩའི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས།

    དོན་ཚན་ཉེར་ལྔ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལོ་ལྟར་ངེས་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་པ་དང་དུས་མཚུངས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་བཏོན་པའི་ལོ་འཁོར་གོང་མའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་སྐོར་གྱི་རྩིས་བཤེར་ལས་དོན་གྱི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱ་རྒྱུ། རྩིས་བཤེར་ལས་ཀའི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱས་རྗེས་ཀྱི་ཟླ་དྲུག་ནང་ཚུན་དུ་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་སྐོར་གྱི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱ་རྒྱུ།

    དོན་ཚན་ཉེར་དྲུག་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ནོར་སྲིད་དཔལ་འབྱོར་ལས་ཀར་ལྟ་སྐུལ་བྱེད་སྐབས། ཀྲུའུ་རེན་ཚོགས་འདུས་ཆེད་དོན་བརྟག་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་སྙན་ཞུ་འདོན་པ་མ་ཟད་རྒྱུན་ཨུད་ཚོགས་འདུར་པར་འགྲེམས་བྱས་ཆོག དགོས་ངེས་སྐབས་ཀྲུའུ་རེན་ཚོགས་འདུའི་ཐོག་འབྲེལ་ཡོད་ཆེད་དོན་བརྟག་ཞིབ་ཀྱི་སྙན་ཞུ་རྒྱུན་ཨུད་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འཁེལ་བྱས་ཆོག

    ཆེད་དོན་བརྟག་ཞིབ་བྱེད་སྐབས་འབྲེལ་ཡོད་ཆེད་ལས་པ་ཞུགས་རྒྱུར་གདན་ཞུ་བྱས་ཆོག

    དོན་ཚན་ཉེར་བདུན་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་རིམ་པ་དེ་གའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་དང་། ངེས་རྩིས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལེགས་སྒྲིག་ཇུས་གཞི་བཅས་ལ་ཞིབ་བཤེར་དང་ཆོག་མཆན་མ་སྤྲད་གོང་། མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཐོག་མའི་ཞིབ་བཤེར་བྱས་ཏེ་ཐོག་མའི་ཞིབ་བཤེར་བསམ་འཆར་བཏོན་ནས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་བྱ་རྒྱུར་ལན་སྤྲོད་བྱེད་དགོས་པ་མ་ཟད། རྒྱུན་ཨུད་ལ་ཞིབ་བཤེར་སྙན་ཞུ་འདོན་དགོས།

    རྒྱུན་ཨུད་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་སྙན་ཞུ་དང་། སྔོན་རྩིས་ལག་བསྟར་བྱས་ཚུལ་སྙན་ཞུ། གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་སྙན་ཞུ། སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ་སྙན་ཞུ། རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་གཏོང་ཡོང་གནས་ཚུལ་གཞན་དག་གི་རྩིས་བཤེར་ལས་དོན་སྙན་ཞུ་བཅས་ཉན་པ་དང་གྲོས་ཞིབ་མ་བྱས་གོང་། མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཐོག་མའི་གྲོས་ཞིབ་བྱས་ཏེ་ཐོག་མའི་གྲོས་ཞིབ་བསམ་འཆར་བཏོན་ནས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་བྱ་རྒྱུར་བརྡ་ལན་སློག་དགོས།

    དོན་ཚན་ཉེར་བརྒྱད་པ། ལེའུ་འདིའི་གཏན་འབེབས་ནང་འཁོད་འབྲེལ་ཡོད་སྙན་ཞུའི་གྲོས་ཞིབ་བསམ་འཆར་གྱི་བརྡ་ལན་དང་། ཞིབ་འཇུག་ཐག་གཅོད། གྲོས་ཆོད་འཇོག་པ། རྗེས་འདེད་ལྟ་སྐུལ་སོགས་བྱ་རྒྱུའི་ཐད། བྱ་ཐབས་འདིའི་དོན་ཚན་བཅུ་དྲུག་པ་དང་བཅུ་བདུན་པའི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

    ལེའུ་ལྔ་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་ཕྱོགས།

    དོན་ཚན་ཉེར་དགུ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལོ་འཁོར་གྱི་ལྟ་སྐུལ་ལས་ཀའི་འཆར་གཞི་གཞིར་བཟུང་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ཡང་ན་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།

    ཁྲིམས་སྒྱུར་ཞིབ་བཤེར་མ་བྱས་གོང་། མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ཨུད་འབྲེལ་ཡོད་དོན་གཅོད་ལས་ཚན་གྱིས་གཙོ་ཆེའི་གནད་དོན་ལ་ཆེད་དོན་བརྟག་ཞིབ་བྱས་ནས་ཁྲིམས་སྒྱུར་ཞིབ་བཤེར་བྱེད་པའི་གཙོ་གནད་བཏོན་ཆོག

    དོན་ཚན་སུམ་ཅུ་པ། ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཁོངས་མིས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཁོངས་མི་དང་དེ་བཞིན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའམ་ཡང་ན་རྒྱུན་ཨུད་འབྲེལ་ཡོད་དོན་གཅོད་ལས་ཚན་པའི་ཁྲོད་ནས་གཏན་འཁེལ་བྱེད་དགོས་པ་མ་ཟད། རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞུགས་རྒྱུར་གདན་ཞུ་བྱས་ཆོག

    ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་ལས་ཀའི་དགོས་མཁོར་གཞིགས་ཏེ། འབྲེལ་ཡོད་ཆེད་ལས་པ་གདན་ཞུས་ཀྱིས་ཆེད་ལས་བློ་འདྲིའི་བསམ་འཆར་མཁོ་འདོན་བྱས་ནས་ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་ལ་གཞོགས་འདེགས་བྱས་ཆོག

    དོན་ཚན་སོ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་དགོས་མཁོར་གཞིགས་ཏེ་རང་ལས་རིམ་པ་གཅིག་གིས་དམའ་བའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་སྲིད་འཛིན་ས་ཁོངས་དེ་གའི་ནང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ཡང་ན་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་མངགས་བཅོལ་བྱས་ཆོག མངགས་བཅོལ་དང་ལེན་བྱེད་མཁན་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ངེས་པར་དུ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཚུལ་དེ་ཡིག་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་འབུལ་དགོས།

    གོང་རིམ་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་དགོས་མཁོར་གཞིགས་ཏེ་འོག་རིམ་མི་དམངས་འཐུས་ཚོགས་རྒྱུན་ཨུད་དང་མཉམ་སྤེལ་བྱས་ནས་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཆོག

    འབྲེལ་ཡོད་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བའི་དགོས་མཁོར་གཞིགས་ནས་མཉམ་དུ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཆོག

    དོན་ཚན་སོ་གཉིས་པ། ཁྲིམས་སྒྱུར་ཞིབ་བཤེར་བྱེད་སྐབས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། སྙན་ཞུ་ཉན་པ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ། རེ་ཟུང་ལ་བཅར་འདྲི་བྱེད་པ། ཕྱོགས་གསུམ་པའི་དཔྱད་དཔོག་བྱེད་པ། འདྲི་ཤོག་ཐོག་ནས་བརྟག་དཔྱད་དམ་ཡང་ན་ཟུར་བཤེར་བྱེད་པ། གཞི་གྲངས་ཆེན་པོའི་བསྡོམས་རྩིས་ལ་དབྱེ་ཞིབ་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ནས་རྒྱ་ཁྱབ་ངང་བསམ་འཆར་ཉན་ཆོག

    དོན་ཚན་སོ་གསུམ་པ། ཁྲིམས་སྒྱུར་ཞིབ་བཤེར་མཇུག་སྒྲིལ་རྗེས་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་ངེས་པར་དུ་འཕྲལ་མར་ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ་འདོན་དགོས་པ་དང་སྦྲགས་ཀྲུའུ་རེན་ཚོགས་འདུའི་ཐོག་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འཁེལ་བྱེད་དགོས།

    རྒྱུན་ཨུད་ཀྱིས་ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ་ཉན་པ་དང་དེར་གྲོས་ཞིབ་བྱེད་སྐབས། ཁྲིམས་སྒྱུར་ཞིབ་བཤེར་ནང་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་དེ་བཞིན་འབྲེལ་ཡོད་ཆེད་ལས་པ་ཚོགས་འདུར་ཟུར་ཞུགས་བྱ་རྒྱུར་གདན་ཞུ་བྱས་ནས་བསམ་འཆར་བཏོན་ཆོག

    དོན་ཚན་སོ་བཞི་པ། འབྲེལ་ཡོད་ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུའི་གྲོས་ཞིབ་བསམ་འཆར་གྱི་བརྡ་ལན་དང་། ཞིབ་འཇུག་ཐག་གཅོད། གྲོས་ཆོད་འཇོག་པ་སོགས་བྱེད་སྐབས། བྱ་ཐབས་འདིའི་དོན་ཚན་བཅུ་དྲུག་པ་དང་བཅུ་བདུན་པའི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

    དོན་ཚན་སོ་ལྔ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་དགོས་པ་འདུག་སྙམ་ཚེ་རྗེས་འདེད་ཞིབ་བཤེར་སྒྲིག་འཛུགས་བྱས་ཆོག་ལ། རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ཨུད་འབྲེལ་ཡོད་དོན་གཅོད་ལས་ཚན་ལ་མངགས་བཅོལ་བྱས་ནས་རྗེས་འདེད་ཞིབ་བཤེར་བྱས་ཆོག

    རྗེས་འདེད་ཞིབ་བཤེར་བྱེད་པའི་ནང་གཤམ་གསལ་གྱི་གཙོ་གནད་ནང་དོན་ཁག་ཚུད་དགོས་པ་སྟེ།

    (གཅིག) ཁྲིམས་སྒྱུར་ཞིབ་བཤེར་བྱེད་པའི་ནང་ཤེས་རྟོགས་བྱུང་བའི་གལ་ཆེའི་གནད་དོན་ཐག་གཅོད་བྱས་ཚུལ་དང་།

    (གཉིས) གྲོས་ཞིབ་བསམ་འཆར་ནང་བཏོན་པའི་གལ་ཆེའི་གནད་དོན་ཐག་གཅོད་བྱས་ཚུལ།

    (གསུམ) འབྲེལ་ཡོད་སྡེ་ཚན་གྱི་བཅོས་སྒྲིག་བྱེད་ཐབས་ཡག་པོ་བྱུང་མེད་པ་དང་། དེ་བཞིན་བླང་བྱ་དང་མི་འཚམ་པའི་རིགས།

    (བཞི) གནད་དོན་གཞན་དག་བཅས་སོ།

    ཀྲུའུ་རེན་ཚོགས་འདུའི་ཐོག་རྗེས་འདེད་ཞིབ་བཤེར་བྱས་པའི་གནས་ཚུལ་རྣམས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་སྙན་སེང་ཞུ་རྒྱུའི་གཏན་འཁེལ་བྱས་ཆོག

    ལེའུ་དྲུག་པ། འདྲི་རྩད་དང་ཆེད་དོན་འདྲི་རྩད་བྱེད་ཕྱོགས།

    དོན་ཚན་སོ་དྲུག་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་འབྲེལ་ཡོད་གྲོས་གཞིའམ་སྙན་ཞུར་གྲོས་ཞིབ་བྱེད་སྐབས། རྒྱུན་ཨུད་ཚོགས་འདུར་ཞུགས་མཁན་དང་ཟུར་ཞུགས་པས་ཚོགས་འདུའི་གྲོས་དོན་ལ་དམིགས་ནས་འདྲི་བ་བཏོན་ཆོག འདྲི་བ་འདོན་རྒྱུ་དེ་མི་སྒེར་རམ་མིང་མཉམ་བཀོད་ཀྱི་ཐོག་ནས་དྲིས་ཆོག་ལ་ངག་ཐོག་གམ་ཡིག་ཐོག་ནས་ཀྱང་འདྲི་བ་བཏོན་ཆོག

    མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་སྡེ་ཚན་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་ངེས་པར་དུ་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་མངགས་ནས་བསམ་འཆར་ཉན་ཏེ་འདྲི་བར་ལན་འདེབས་དགོས་པ་དང་། རང་སར་ལན་འདེབས་མི་ཐུབ་པའི་རིགས་ངེས་པར་དུ་དེའི་རྒྱུ་མཚན་གསལ་བཤད་བྱེད་དགོས་པ་དང་སྦྲགས་འདྲི་བ་འདོན་མཁན་གྱི་མོས་མཐུན་བྱུང་རྗེས་གཏན་འཁེལ་བྱས་པའི་དུས་ཚོད་ནང་ལན་འདེབས་དགོས།

    དོན་ཚན་སོ་བདུན་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལོ་འཁོར་ལྟ་སྐུལ་ལས་ཀའི་འཆར་གཞིའི་ནང་གཏན་འཁེལ་བྱས་པའི་གྲོས་དོན་གཞིར་བཟུང་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་ལས་ཀར་ཆེད་དོན་འདྲི་རྩད་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།

    ཆེད་དོན་འདྲི་རྩད་བྱ་རྒྱུ་དེ་ཆེད་དོན་ལས་ཀའི་སྙན་ཞུ་དང་། ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུའམ་སྙན་ཞུ་གཞན་དག་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཆོག

    དོན་ཚན་སོ་བརྒྱད་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ཆེད་དོན་འདྲི་རྩད་མ་བྱས་གོང་ཆེད་དོན་བརྟག་ཞིབ་སྒྲིག་འཛུགས་བྱས་ནས་སྤེལ་ཆོག་པ་དང་། གནད་དོན་གྱི་གསལ་ཐོ་ལེགས་སྒྲིག་བྱེད་པའི་ནང་རྒྱུན་ཨུད་དོན་གཅོད་ལས་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་ཆེད་དོན་བརྟག་ཞིབ་སྙན་ཞུ་དང་ཕྱོགས་བསྡུས་བྱས་པའི་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་རྒྱུན་ཨུད་ཀྱི་ཁོངས་མིར་པར་འགྲེམས་བྱེད་དགོས།

    དོན་ཚན་སོ་དགུ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ཆེད་དོན་འདྲི་རྩད་བྱེད་སྐབས་ཚང་འཛོམས་ཚོགས་འདུ་དང་ཚོགས་ཆུང་མཉམ་འབྲེལ་ཚོགས་འདུའམ་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་པའི་རྣམ་པའི་ཐོག་ནས་འདྲི་རྩད་བྱས་ཆོག རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་འཁུར་བ་ངེས་པར་དུ་ཚོགས་འདུར་ཞུགས་ནས་བསམ་འཆར་ཉན་ཏེ་འདྲི་བར་ལན་འདེབས་དགོས།

    དོན་ཚན་བཞི་བཅུ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྲུའུ་རེན་གྱིས་ཆེད་དོན་འདྲི་རྩད་གཙོ་སྐྱོང་བྱ་རྒྱུ། ཀྲུའུ་རེན་གྱིས་ཀྲུའུ་རེན་གཞོན་པར་གཙོ་སྐྱོང་བྱ་རྒྱུའི་མངགས་བཅོལ་བྱས་ཆོག

    འདྲི་རྩད་བྱེད་མཁན་དེ་རྒྱུན་ཨུད་ཀྱི་ཁོངས་མིའམ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་ནས་གཏན་འཁེལ་བྱ་རྒྱུ། ཚོགས་འདུར་ཟུར་ཞུགས་བྱེད་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཞན་དག་གིས་འདྲི་བ་འདོན་རྒྱུའི་རེ་བ་བཏོན་ཚེ་གཙོ་སྐྱོང་པས་མོས་མཐུན་བྱས་པ་བརྒྱུད་འདྲི་རྩད་བྱས་ཆོག

    འདྲི་རྩད་བྱེད་མཁན་གྱིས་ངེས་པར་དུ་འདྲི་རྩད་བྱ་ཡུལ་སྡེ་ཚན་གྱི་འགན་འཁྲི་དང་འདྲི་རྩད་ཀྱི་གྲོས་གཞིའི་ཁྱབ་ཁོངས་སུ་འདྲི་རྩད་བྱེད་དགོས་པ་དང་། བཏོན་པའི་གནད་དོན་ཁ་གསལ་པོ་ཡོད་དགོས། འདྲི་བ་འདོན་ཡུལ་གྱིས་ངེས་པར་དུ་འདྲི་བ་འདོན་མཁན་ནས་བཏོན་པའི་གནད་དོན་དོན་དངོས་དང་མཐུན་ཞིང་འཕྱུགས་པ་མེད་པའི་སྒོ་ནས་ལན་འདེབས་དགོས་པ་དང་། འདྲི་རྩད་བྱེད་མཁན་གྱིས་གཙོ་སྐྱོང་པའི་མོས་མཐུན་བྱུང་ན་གནད་དོན་གཅིག་ལ་ད་དུང་འདྲི་རྩད་ཁ་གསབ་བྱས་ཆོག

    དོན་ཚན་ཞེ་གཅིག་པ། ཆེད་དོན་འདྲི་རྩད་བྱེད་པའི་ནང་བཏོན་པའི་བསམ་འཆར་རིགས། མི་དམངས་འཐུས་ཚོགས་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ཨུད་འབྲེལ་ཡོད་དོན་གཅོད་ལས་ཚན་གྱིས་ངེས་པར་དུ་འཕྲལ་མར་ལེགས་སྒྲིག་བྱས་ཏེ། ཀྲུའུ་རེན་ཚོགས་འདུའི་ཐོག་གཏན་འཁེལ་བྱས་རྗེས། རྒྱུན་ཨུད་དོན་གཅོད་ལས་ཚན་གྱིས་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་སྤྲོད་དགོས། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་ངེས་པར་དུ་གྲོས་ཞིབ་བསམ་འཆར་འབྱོར་ཉིན་ནས་བཟུང་གི་ཟླ་གསུམ་ནང་ཚུན་དང་། འགོར་ཤོས་ལའང་ཟླ་དྲུག་ལས་མི་བརྒལ་བ་བྱས་ཏེ་ཞིབ་འཇུག་དང་ཐག་གཅོད་བྱས་ཚུལ་དེ་དེའི་དོན་གཅོད་ལས་ཚན་གྱིས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱུན་ཨུད་འབྲེལ་ཡོད་དོན་གཅོད་ལས་ཚན་ལ་ཕུལ་ནས་བསམ་འཆར་བསྡུ་ལེན་བྱས་རྗེས། མི་དམངས་འཐུས་ཚོགས་རྒྱུན་ཨུད་ལ་ཡིག་ཐོག་ནས་སྙན་འབུལ་ཞུ་དགོས། དགོས་ངེས་སྐབས་ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུ་རྒྱུན་ཨུད་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འཁེལ་བྱས་ཆོག

    ལེའུ་བདུན་པ། ལྟ་སྐུལ་བྱེད་སྟངས་གཞན་དག

    དོན་ཚན་ཞེ་གཉིས་པ། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་རྫོང་རིམ་ཡན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། དེ་བཞིན་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་སོགས་ཀྱིས་ཁྲིམས་བཀོད་དབང་ཚད་དང་གོ་རིམ་ལྟར་བཟོ་འབེབས་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་ངེས་པར་དུ་གཏན་འབེབས་ལྟར་སྙན་དཔོད་ཞུ་དགོས།

    དོན་ཚན་ཞེ་གསུམ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཁོངས་མིས་ཁྲིམས་ལྟར་རྒྱུན་ཨུད་ལ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་འདྲི་ཞིབ་གྲོས་གཞི་བཏོན་ཆོག

    དོན་ཚན་ཞེ་བཞི་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་སོ་སོའི་འགན་དབང་ཁྱབ་ཁོངས་སུ་གཏོགས་པའི་དོན་གནད་ལ་གྲོས་ཆོད་དང་ཆོད་དོན་འཇོག་དགོས་མོད། འོན་ཀྱང་འབྲེལ་ཡོད་དོན་དངོས་གལ་ཆེན་རིགས་གསལ་པོ་མེད་ཚེ། ཁྲིམས་ལྟར་དམིགས་བསལ་གནད་དོན་ལ་བརྟག་དཔྱད་བྱ་རྒྱུ་སྒྲིག་འཛུགས་བྱས་ཆོག

    དོན་ཚན་ཞེ་ལྔ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་གྲོལ་རིང་། ཁྲིམས་ལྟར་འབྲེལ་ཡོད་མི་སྣའི་གོ་གནས་གནས་འབྱུང་གཏན་འབེབས་སམ་ཡང་ན་གནས་དབྱུང་བཏང་ཆོག

    དོན་ཚན་ཞེ་དྲུག་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་དང་། འདྲི་ཞིབ། ཆེད་དམིགས་གནད་དོན་ལ་བརྟག་དཔྱད་སྒྲིག་འཛུགས། གནས་དབྱུང་གཏན་འབེབས་བྱ་རྒྱུའི་གྲོས་གཞིར་གྲོས་ཞིབ་དང་ཐག་གཅོད་བཅས་བྱེད་པའི་གོ་རིམ་དང་བླང་བྱ་དེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ལག་བསྟར་བྱེད་དགོས།

    དོན་ཚན་ཞེ་བདུན་པ། ལྟ་སྐུལ་ལས་ཀའི་འཆར་གཞིའི་ནང་བཀོད་པའི་ཆེད་དོན་བརྟག་ཞིབ་བྱས་འབྲས་ཐག་གཅོད་བྱ་རྒྱུ་དེ་ཀྲུའུ་རེན་ཚོགས་འདུའི་ཐོག་གཏན་འཁེལ་བྱ་རྒྱུ།

    དོན་ཚན་ཞེ་བརྒྱད་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ཆེད་དོན་ལས་ཀའི་སྙན་ཞུ་ཉན་པ་དང་གྲོས་ཞིབ་དང་། ཁྲིམས་སྒྱུར་ཞིབ་བཤེར། ཆེད་དོན་འདྲི་རྩད་བཅས་བྱེད་སྐབས་དགོས་མཁོར་གཞིགས་ཏེ་བློ་མོས་བྱུང་ཚད་ཐད་ཚད་ལེན་དཔྱད་བསྡུར་བྱ་རྒྱུ་སྒྲིག་འཛུགས་བྱས་ཆོག

    ལེའུ་བརྒྱད་པ། ལྟ་སྐུལ་ལས་དོན་ཡོངས་བསྒྲགས་བྱེད་ཕྱོགས།

    དོན་ཚན་ཞེ་དགུ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྟ་སྐུལ་འགན་དབང་སྤྱད་ཚུལ་དེ་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ལ་སྙན་སེང་ཞུས་ནས་ལྟ་སྐུལ་དང་ལེན་བྱེད་དགོས།

    དོན་ཚན་ལྔ་བཅུ་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྟ་སྐུལ་འགན་དབང་སྤྱོད་པའི་ནང་གཤམ་གསལ་གྱི་དོན་གནད་རྣམས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བརྡ་ཁྱབ་གཏོང་དགོས་པ་མ་ཟད་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས་པ་སྟེ།

    (གཅིག)རྒྱུན་ཨུད་ཀྱི་ལོ་འཁོར་ལྟ་སྐུལ་ལས་ཀའི་འཆར་གཞི་དང་།

    (གཉིས)རྒྱུན་ཨུད་ཀྱིས་ཉན་པ་དང་གྲོས་ཞིབ་བྱས་པའི་ཆེད་དོན་ལས་ཀའི་སྙན་ཞུ་དང་། ནོར་སྲིད་དཔལ་འབྱོར་ལས་ཀའི་ལྟ་སྐུལ་གྱི་འབྲེལ་ཡོད་སྙན་ཞུ། ཁྲིམས་སྒྱུར་ཞིབ་བཤེར་གྱི་སྙན་ཞུ། རྒྱུན་ཨུད་ཀྱི་ཁོངས་མིས་འབྲེལ་ཡོད་སྙན་ཞུར་གྲོས་ཞིབ་བྱས་པའི་བསམ་འཆར་དང་ཆེད་དོན་བརྟག་ཞིབ་སྙན་ཞུ།

    (གསུམ)རྒྱུན་ཨུད་ཀྱིས་བཞག་པའི་གྲོས་ཆོད་དང་ཆོད་དོན།

    (བཞི)མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་རྒྱུན་ཨུད་ཀྱི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཚུལ་ལམ་ཡང་ན་གྲོས་ཆོད་ལག་བསྟར་བྱས་ཚུལ།

    (ལྔ)བརྡ་ཁྱབ་བམ་ཡང་ན་ཡོངས་བསྒྲགས་བྱེད་དགོས་པའི་དོན་གནད་གཞན་དག་བཅས་སོ།

    དོན་ཚན་ང་གཅིག་པ། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་རྒྱུན་ཨུད་ཀྱི་སྤྱི་བསྒྲགས་དང་། འཐུས་མིས་འགན་འཁྲི་སྒྲུབ་པའི་ཞབས་ཞུའི་སྟེགས་བུ། འཕྲིན་ཡིག དྲ་རྒྱ་སོགས་བརྒྱུད་ནས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ལྟ་སྐུལ་འགན་དབང་སྤྱད་ཚུལ་བརྡ་ཁྱབ་བཏང་ཆོག

    རྒྱུན་ཨུད་ཀྱིས་ཚགས་པར་དུས་དེབ་དང་། རླུང་འཕྲིན། བརྙན་འཕྲིན། དྲ་ཚིགས་སོགས་འཕྲིན་སྤེལ་ལམ་ཡང་ན་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་ཐོག་ལྟ་སྐུལ་འགན་དབང་སྤྱད་ཚུལ་ཡོངས་བསྒྲགས་བྱས་ཆོག

    དོན་ཚན་ང་གཉིས་པ། རྒྱུན་ཨུད་དོན་གཅོད་ལས་ཚན་གྱིས་ལྟ་སྐུལ་ལས་དོན་ཡོངས་བསྒྲཌ་བྱེད་པའི་ཞིབ་ཕྲའི་ལས་ཀའི་འགན་འཁུར་རྒྱུ།

    ལེའུ་དགུ་པ། ཞར་བྱུང་།

    དོན་ཚན་ང་གསུམ་པ། བྱ་ཐབས་འདི་2026ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།