དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་2026ལོའི་དུས་ཚིགས་གཉིས་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་བྱང་ཁྱབ་བསྒྲཌ་བྱས་པ།

    བོད་ལྗོངས་ནས་ཡིན་པའི་དཔའ་བོ་གཅིག་ལ་མཚན་སྙན་ཐོབ་པ།

  • ཡོང་ཁུངས།  བོད་ལྗོངས་ཁྲིམས་ལུགས་ཚགས་པར།   |     སྤེལ་དུས།  2026-07-28

    ཉེ་ཆར། ཀྲུང་གོ་ཡུན་རིང་བདེ་འཁོད་དྲ་བ(ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་སྲིད་དོན་གསར་འགྱུར་དྲ་ཚིགས)ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་དུས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་2026ལོའི་དུས་ཚིགས་གཉིས་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་བྱང་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་86ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་དང་བྱ་དགའ་སྤྲད་པའི་ནང་བོད་ལྗོངས་ནས་ཡིན་པའི་དཔའ་བོ་གཅིག་ལ་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ནས་མིང་གྲལ་དུ་ཚུད་པའི་དཔའ་བོ་དེའི་མིང་ལ་སུན་ཡུང་ཀེན་ཟེར་ཞིང་། ཁོང་ནི་ཧྥུའུ་ཅན་ཞིང་ཆེན་ཉིང་ཧྭ་རྫོང་སྤྱི་ཁྱབ་སྨན་ཁང་གི་སྨན་པ་ཞིག་རེད། 2025ལོའི་ཟླ་10ཚེས་27ཉིན་ཁྲེང་ཏུའུ་ནས་བོད་ལྗོངས་ཆབ་མདོ་སྤང་མདའ་གནམ་ཐང་དུ་འཕུར་བའི་དུས་གཏན་གནམ་གྲུ་CA4409ས་ངོས་ལ་བབས་རྗེས་འགྲུལ་པ་ཞིག་གློ་བུར་དུ་ན་ནས་དྲན་པ་ཐོར་བ་རེད། སྤང་མདའ་གནམ་ཐང་གི་ས་བབ་ལ་སྨི་4334ཟིན་པ་དང་གྲོང་ཁུལ་བར་ད་དུང་སྤྱི་ལེ་100ལྷག་ཙམ་ཡོད་པས། གལ་སྲིད་ནད་པ་དུས་ཐོག་ཏུ་བསྐྱབས་མ་ཐུབ་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་པ་རེད། དེའི་ཚེ་གནམ་གྲུའི་ནང་གི་སུན་ཡུང་ཀེན་གྱིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་མར་སྐྱོབ་པར་ཡོང་ཞིང་། ཁོང་གིས་ནད་པ་དྲན་པ་ཐོར་བ་དང་། དབུགས་མི་གཏོང་བ། སྐེའི་འཕར་རྩ་མི་འགུལ་བ་བཅས་ཀྱི་གནས་ཚུལ་ཤེས་སྐབས་སྙིང་འཕར་འབྱིན་རྔུབ་གློ་བུར་དུ་མཚམས་ཆད་པའི་དཔེ་མཚོན་ནད་རྟགས་ཡིན་པ་གཏན་འཁེལ་བྱས་རྗེས། ཁོང་གིས་འཕྲལ་མར་གནམ་གྲུའི་ཞབས་ཞུ་བར་གཞོགས་འདེགས་བྱེད་དུ་བཅུག་སྟེ་ནད་པའི་གློ་སྙིང་སྐར་མ་བཅུ་ཙམ་རྒྱུན་ཆད་མེད་པར་མནན་ནས་མྱུར་སྐྱོབ་བྱས་མཐར་གཞི་ནས་ནད་པའི་དྲན་པ་གསོ་ཐུབ་པ་བྱུང་བ་དང་། དེ་ནས་ནད་པ་དེ་གནམ་ཐང་གི་མྱུར་སྐྱོབ་ལྟེ་གནས་སུ་རྩིས་བདེ་བླག་སྤྲད་པས་ནད་པ་ཉེན་ཁའི་གནས་ལས་གྲོལ་ཞིང་། 2026ལོའི་ཟླ་གསུམ་པར་སུན་ཡུང་ཀེན་གྱིས་ཉེན་སེལ་སྲོག་སྐྱོབ་བྱེད་པ་དེ་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ལ་གཏན་འཁེལ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་བྱང་ཡོངས་བསྒྲགས་ཀྱི་བྱེད་སྒོ་དེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་གཉེར་དང་ཀྲུང་ཧྭ་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་རེད། 2022ལོའི་ཟླ་དགུ་པ་ནས་བཟུང་། བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་དུས་ཚིགས་ཀྱི་མིང་བྱང་ཐེངས་14ཡོངས་བསྒྲགས་བྱས་ཡོད་པ་དང་། དེའི་ནང་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་807ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་དང་བྱ་དགའ་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།