དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས།

    ཆུར་ལྷུངས་པའི་རླངས་འཁོར་ཞིག་ཉེན་ཁ་ལས་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-21

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྤྱི་བདེ་ཅུས་ལྷ་རྒྱལ་ཤང་མངགས་གཏོང་ཁང་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཤིག་གིས་ཛ་དྲག་གནས་ཚུལ་ཐོན་པར་རོགས་སྐྱོབ་རེ་ཞུ་བྱས་ཤིང་། མང་ཚོགས་དེས་རླངས་འཁོར་བཏང་ནས་ལྷ་རྒྱལ་ཤང་རྒྱབ་རི་གྲོང་ཚོའི་གཙང་འགྲམ་ནས་སྐྱོད་སྐབས། གྲོང་གསེབ་ལམ་ལ་རྒྱུས་མངའ་དེ་ཙམ་མེད་པའི་ཁར་ཆར་པ་བབས་པའི་རྐྱེན་གྱིས་འགྲོ་ལམ་བརླན་གཤེར་ཆེ་བ་དང་། ལམ་གསལ་པོ་མ་མཐོང་སྟབས་རླངས་འཁོར་གཙང་པོར་ཁ་ཤོར་ཞིང་། གནས་ཚུལ་ཐོན་རྗེས། དྲག་ཏུ་རྒྱུག་པའི་གཙང་ཆུས་འཕྲལ་མར་རླངས་འཁོར་གྱི་ཕྱེད་ཀ་ཙམ་བསྣུབས་པ་མ་ཟད། རླངས་འཁོར་ནང་དུའང་ཆུ་འཛུལ་ནས་རླངས་འཁོར་མུ་མཐུད་གཏོང་མི་ཐུབ་པར་ཁ་ལོ་བ་དང་འགྲུལ་པ་དག་ཉེན་ཁའི་གནས་སུ་ལྷུངས་ནས་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད། ཆུ་མུ་མཐུད་ཆེ་རུ་སོང་ཚེ་རླངས་འཁོར་ཨ་སློག་ཐེབས་པ་དང་དེའི་ནང་གི་མི་ཆུར་ཟག་རྒྱུ་ཡིན་པ་སོགས་ཞོར་ཐོན་ཉེན་ཁའང་ཐོན་སྲིད་པས། ཉེན་བརྡ་འབྱོར་རྗེས། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་འཕྲལ་མར་འཕྲལ་སྡོམ་རོགས་སྐྱོབ་ཐག་གཅོད་ཀྱི་ལམ་སྲོལ་ལག་ལེན་བསྟར་ནས་ཉེན་རྟོག་པ་བསྡུ་རུབ་ཀྱིས་ཐག་པ་དང་། བདེ་འཇགས་ཉེན་བརྡའི་བྱང་བུ། འགོག་སྲུང་སྒྲིག་ཆས་སོགས་ཆེད་ལས་རོགས་སྐྱོབ་ཡོ་བྱད་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་ལམ་སེང་དོན་རྐྱེན་ཐོན་སར་བསྐྱོད་ནས་རོགས་སྐྱོབ་ཀྱི་ལས་དོན་སྤེལ་ཡོད།

    ས་ཡུལ་དངོས་སུ་འབྱོར་རྗེས། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་དང་ཐོག་ས་ཡུལ་དངོས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མགྱོགས་མྱུར་གྲལ་བཤེར་བྱས་ཏེ་ཆུ་བོའི་རྒྱུག་ཚད་དང་། ཆུའི་གཏིང་རིང་ཐུང་། ཆུའི་ཉེ་འཁོར་གྱི་ས་དབྱིབས་ཆགས་ཚུལ། ཉེན་གྱར་རླངས་འཁོར་ལ་སྐྱོན་བྱུང་ཡོད་མེད། ཉེན་ཁར་གྱར་བའི་མིའི་བདེ་ཐང་གནས་ཚུལ་སོགས་ས་ཡུལ་དངོས་ཀྱི་གནས་ཚུལ་ལ་རྩད་ཞིབ་ཞིབ་ཕྲ་བྱས་ཤིང་། ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱས་པ་བརྒྱུད། ཉེན་གྱར་གྱི་མི་དང་བཅས་པའི་རླངས་འཁོར་དེ་དྲག་ཏུ་རྒྱུག་པའི་གཙང་པོ་ནས་བདེ་འཇགས་ངང་ལམ་ཟུར་དུ་བཏོན་ནས་ཉེན་ཁའི་གནས་ལས་རྦད་དེ་སྒྲོལ་ཐུབ་པ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།