དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བོད་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་སྐུང་གི་གྱོད་གཞི་ཞིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-21

    ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་ཀྱིས་བོད་ལྗོངས་མིང་ཀྲི་ཨར་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་རུ་ཐོག་ཡན་ལག་ཀུང་སིས་གཏོང་སྒོ་མང་སྒྲིག་དང་རེ་ཞུ་རྫུས་མ་བྱས་པའི་ཁྲལ་སྐུང་གི་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་འབྲེལ་ཁྲལ་དངུལ་དང་། དུས་འགྱངས་ཆད་དངུལ། དེ་བཞིན་དངུལ་ཆད་བཅས་ཚང་མ་བདའ་འདེད་བཏང་ནས་རྒྱལ་མཛོད་དུ་བཅུག་པ་རེད།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་ཀྱིས་ཁྲལ་བསྡུའི་གྲངས་གཞི་ཆེ་མོར་དབྱེ་ཞིབ་བྱས་པར་གཞིགས་ནས། བོད་ལྗོངས་མིང་ཀྲི་ཨར་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་རུ་ཐོག་ཡན་ལག་ཀུང་སིར་ཁྲལ་བསྡུ་དང་འབྲེལ་བའི་ཉེན་ཁའི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཁུངས་སྣེ་རགས་ཙམ་གཏན་འཁེལ་བྱས་རྗེས་ཁྲིམས་ལྟར་ཀུང་སི་དེར་གྱོད་ཐོ་བཀོད་ནས་ཞིབ་བཤེར་བྱས་པ་རེད།

    ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་བརྒྱུད། 2022ལོ་ནས་2024ལོའི་བར་ཀུང་སི་དེས་ཨར་ལས་བྱེད་རིང་། ཡུན་རིང་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་བརྟེན་ནས་ཁྲལ་སྐུང་བྱས་པ་ཤེས་རྟོགས་བྱུང་བ་རེད།

    ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་བསྡུའི་གྲངས་གཞི་ཆེན་པོ་དང་སྡེ་ཚན་དབར་གྱི་མཉམ་ལས་ལམ་སྲོལ་ལ་བརྟེན་ནས་གྲངས་གཞི་ཞིབ་བསྡུར་དང་ས་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད། ཁེ་ལས་དེར་དཔྱ་ཁྲལ་དང་འབྲེལ་བའི་སྒྲིག་འགལ་གྱི་བྱེད་སྤྱོད་གཙོ་བོ་འདི་དག་ཡོད་པ་སྟེ། གཅིག་ནི་གནས་ཐང་འཕར་ཁྲལ་སྒྲིག་འགལ་ངང་གཅོག་འཐེན་བྱས་པ་དང་། གཉིས་ནི་ཁེ་ལས་ཀྱི་རང་སྐལ་དཔྱ་ཁྲལ་གྱི་མ་གནས་རྫུན་སྒྲིག་བྱས་པ། གསུམ་ནི་ཁྲལ་རིགས་གཞན་དག་ཆད་ཞུ་དང་ཆ་ཚང་བསྐྱལ་མེད་པ་བཅས་རེད། དེས་ན། ཁྲལ་དོན་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་དང་མཉམ་དུ་ཨར་སྐྲུན་གྱི་ཐལ་རྡུལ་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་མཉམ་སྤྱོད་དང་ས་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད། ཀུང་སི་དེའི་ཨར་སྐྲུན་ཐལ་རྡུལ་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་དུས་ཡུན་རིང་པོའི་ནང་ཆ་ཚང་བསྐྱལ་མེད་པའམ་ཡང་ན་ཡེ་ནས་བསྐྱལ་མེད་པ་ཤེས་རྟོགས་བྱུང་བ་དང་། དེ་དང་དུས་མཚུངས་ཀུང་སི་དེས་ད་དུང་ཨར་སྐྲུན་སྒྲིག་སྦྱོར་ལས་གྲྭ་འགན་གཙང་ལེན་པའི་གན་རྒྱ(གློག་རྡུལ་གན་རྒྱ་ཚུད)བཞག་རྗེས། གན་རྒྱ་ཁག་གཅིག་སྦས་ཏེ་སྙན་སེང་ཞུས་མེད་པའམ་ཡང་ན་དངུལ་ཁག་བགོས་ནས་རེ་ཞུ་བྱས་ཏེ་གཏན་འབེབས་བཞིན་འཛིན་ཁྲལ་ཆ་ཚང་འཇལ་མེད་པས་ཁྲལ་སྐུང་གི་དོན་དངོས་གྲུབ་ཡོད་པ་དང་། མཐར་ཀུང་སི་དེས་རིམ་རྩིས་བརྒྱབ་ན་ཁྲལ་འབོར་སྒོར་ཁྲི་104.26བསྐྱལ་མེད་པ་གཏན་འཁེལ་བྱས་པ་རེད།

    ཀུང་སི་དེས་ཞིབ་བཤེར་ལ་གཞོགས་འདེགས་ཧུར་ཐག་དང་ཁྲལ་དོན་ལས་ཁུངས་ཀྱིས་ཐག་མ་བཅད་གོང་རང་འགུལ་ངང་འཇལ་དགོས་པའི་ཁྲལ་དངུལ་གསབ་པར་གཞིགས་ནས། ཞིབ་བཤེར་ཅུས་ཀྱིས་ཁྲིམས་ལྟར་ཀུང་སི་དེར་ཁྲལ་དངུལ་བདའ་འདེད་དང་། དུས་འགྱངས་ཆད་དངུལ་བསྡུ་བ། ་དངུལ་ཆད་བཅས་ཁྱོན་སྒོར་ཁྲི་191.97གྱི་ཆད་པ་གཅོད་རྒྱུའི་ཐག་བཅད་པ་རེད། མིག་སྔར་གྱོད་འབྲེལ་ཁྲལ་དངུལ་དང་། དུས་འགྱངས་ཆད་དངུལ། དེ་བཞིན་དངུལ་ཆད་བཅས་ཚང་མ་བདའ་འདེད་བཏང་ནས་རྒྱལ་མཛོད་དུ་བཅུག་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།