ཉེན་རྟོག་པ་དང་མང་ཚོགས་དབར་སྦྲེལ་ཟམ་བཙུགས་པ།
——གཏིང་སྐྱེས་སྤྱི་བདེ་ལས་ཁུངས་ཀྱིས་གཱ་ཆུང་ངུར་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ།
གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་དུ་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་གཏུག་གཱ་རེ་རེ་ཁྲོམ་གཞུང་གི་ཚོང་ཁང་དང་། གྲོང་ཚོའི་སྒོ་ར། མང་ཚོགས་འདུས་སྡོད་ཁུལ་བཅས་ཀྱི་མངོན་གསལ་དོད་སར་སྦྱར་ཡོད། འབྲེལ་གཏུག་གཱ་དེ་དག་གིས་ཉེན་རྟོག་པ་དང་མང་ཚོགས་དབར་སྦྲེལ་ཟམ་ཡག་པོ་ཞིག་བསྐྲུན་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད།
གཱ་ཆུང་ངུར་རིམ་སྤོར་ཆེན་པོ་བྱས་པ།
གཏིང་སྐྱེས་རྫོང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་ཁོངས་གཏོགས་ཀྱི་ས་རྒྱ་ཆེན་པོ་ཡོད། སྔོན་ཆད་མང་ཚོགས་ལ་ཛ་དྲག་རོགས་སྐྱོར་གྱི་རེ་ཞུ་དང་། འགལ་བ་དང་རྩོད་གཞི། སྲིད་ཇུས་བློ་འདྲི་སོགས་ཀྱི་གནད་དོན་འཕྲད་སྐབས་མི་དམངས་ཉེན་རྟོག་པར་འབྲེལ་བ་བྱེད་དཀའ་བ་དང་རོགས་སྐྱོར་རེ་ཞུ་སྟབས་བདེ་མེད་པའི་དཀའ་གནད་འཕྲད་ཀྱི་ཡོད། དཀའ་གནད་དེ་རྦད་དེ་ཐག་གཅོད་བྱས་ནས། བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི“ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་དུ་བསྐྱོད་པ”དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”སོགས་ཀྱི་ལག་ལེན་བྱེད་སྒོ་རབ་དང་རིམ་པའི་བླང་བྱ་དང་དེ་བས་འཚམ་པར་བྱ་ཆེད། གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་མགྲོན་བསུ་ལམ་དམངས་ཕན་ཉེན་དོན་ས་ཚིགས་ཀྱིས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ཀྱི་དོན་དངོས་དང་དམངས་འཚོའི་དགོས་མཁོར་གཞི་ཚུགས་ནས། ཉེན་རྟོག་པ་དང་མང་ཚོགས་དབར་གྱི་སྔར་ཡོད་འབྲེལ་གཏུག་གཱ་ཕྱོགས་ཡོངས་ནས་ལེགས་གཏོང་རིམ་སྤོར་བྱེད་པ་དང་། ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་གཏུག་གཱ་གཅིག་སྡུད་ཐོག་གྱང་ལ་འགེལ་བའི་ཆེད་དོན་ལས་དོན་སྤེལ་འགོ་བཙུགས་ཏེ། ཞིབ་ཚགས་ཅན་དང་དམངས་ཕན་ཅན་གྱི་ཉེན་རྟོག་ལས་དོན་སྒྲུབ་ཐབས་ལ་བརྟེན་ནས་ས་མཐོའི་སྤྱི་བདེས་དམངས་ཆེད་ལས་འགན་བསྒྲུབས་ཡོད།
གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་མགྲོན་བསུ་ལམ་དམངས་ཕན་ཉེན་དོན་ས་ཚིགས་ཀྱི་ཀྲན་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་ད་ཐེངས་ཀྱི་འབྲེལ་གཏུག་གཱ་རིམ་སྤོར་བྱེད་པའི་ཐོག་མའི་བསམ་འདུན་སྐོར་གླེང་སྐབས“ད་ཐེངས་ཉེན་དོན་ས་ཚིགས་ཀྱི་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་གཏུག་གཱ་ཕྱོགས་ཡོངས་ནས་རིམ་སྤོར་དང་ཁྱབ་གདལ་བཏང་བ་ནི་མང་ཚོགས་ཚོས‘དོན་དག་འཕྲད་ཚེ་འཚོལ་ས་ཡོད་པ་དང་། རེ་འདུན་ལ་དོ་དམ་བྱེད་མཁན་ཡོད་པ། དཀའ་གནད་ཐག་གཅོད་བྱེད་མཁན་ཡོད་པ’བཅས་དངོས་འབྲེལ་ཐུབ་ནས། མང་ཚོགས་ཀྱི་ཁྱིམ་གྱི་སྒོ་རྩར་ཉེན་རྟོག་པས་ཐད་ཀར་ཞབས་འདེགས་ཞུ་ཆེད་དང་། ཉེན་རྟོག་པ་དང་མང་ཚོགས་དབར་འབྲེལ་གཏུག་བྱེད་པའི་བཀག་རྒྱ་མེད་པ་བཟོས་ནས‘མང་ཚོགས་ཉེན་རྟོག་པའི་སར་སྙན་སེང་ཞུ་བར་ཡོང་དགོས་པ’དེ‘ཉེན་རྟོག་པས་རང་འགུལ་ངང་མང་ཚོགས་དང་འབྲེལ་བ’བྱེད་པར་བསྒྱུར་ཏེ། མང་ཚོགས་ལ་ག་དུས་དཀའ་ངལ་འཕྲད་ཀྱང་འཕྲལ་དུ་ཞིབ་ཕྲའི་འགན་འཁུར་བ་བཙལ་ནས་གནད་དོན་བདེ་བླག་ངང་ཐག་གཅོད་ཐུབ་ཆེད་ཡིན”ཞེས་བཤད།
དམ་བཅའ་ཆུང་ངུས་འགན་འཁྲི་ཆེན་པོ་བསྒྲུབས་པ།
ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་གཏུག་གཱ་ཆུང་ངུ་དེའི་ནང་བོད་ལྗོངས་སྤྱི་བདེ་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་བརྗིད་ཆེའི་ཁས་ལེན་བྱས་པ་འདུས་ཡོད་ལ། གཞི་རིམ་ཉེན་རྟོག་པས་ཕྱོགས་གཅིག་གི་དུས་བདེ་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་མཚོན་ཡོད། གངས་ལྗོངས་ས་མཐོར་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ནི་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཉེ་འགྲམ་གྱི་བློས་འགེལ་ཆོག་པའི་སྟོབས་ཤུགས་ཤིག་ཡིན་ཞིང་། རྒྱུན་གཏན་གྱི་བདེ་འཇགས་འགོག་ཟོན་དང་འགལ་བ་དང་རྩོད་གཞི་ཐག་གཅོད་ཡིན་ནའང་འདྲ། ཡང་ན་ཛ་དྲག་རོགས་སྐྱོབ་དང་དམངས་ཕན་ཞབས་ཞུ་གང་ཞིག་ཡིན་རུང་མི་དམངས་ཉེན་རྟོག་པ་ཚོས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་དང་ག་དུས་འབོད་ཀྱང་དུས་ཐོག་ཏུ་འབྱོར་བར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“མི་དམངས་སྤྱི་བདེས་མི་དམངས་ཆེད་ལས་དོན་སྒྲུབ་པའི”དམ་བཅའ་བརྟན་པོ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དེ་གཏིང་སྐྱེས་རྫོང་གི་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་གཏུག་གཱ་སྤྱོད་འགོ་ཚུགས་རྗེས་ཀྱི་ཕན་འབྲས་མངོན་གསལ་དོད་ཤོས་ཤིག་རེད།
ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་གཏུག་གཱ་ཕྱོགས་ཡོངས་ནས་གྱང་ཐོག་ལ་བཀལ་ཚུན། ཆུ་ཚོད་24རིང་ཤར་གཏོང་ཐུབ་པའི་འབྲེལ་གཏུག་ཁ་པར་དེ་མང་ཚོགས་ཚོའི“སེམས་ལ་དྲོ་སྐྱིད་སྦྱིན་པའི་ཐད་སྦྲེལ་ཁ་པར”ཞིག་ཏུ་གྱུར་ནས། ཉིན་མཚན་དང་ལས་ཀ་དང་གུང་གསེང་གང་ཡིན་རུང་མང་ཚོགས་ཀྱི་ཁ་པར་འབྱོར་ཚེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཐོག་མཐའ་བར་གསུམ་དུ་འཕྲལ་དུ་ཉན་པ་དང་། དང་ལེན། ཐག་གཅོད་བཅས་བྱེད་ཀྱི་ཡོད། ཁོངས་གཏོགས་ཁུལ་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་ཞིག་གི་སྦྱིན་བདག་གིས“སྔོན་ཆད་ཐོལ་བྱུང་གནས་ཚུལ་འཕྲད་སྐབས་རྟག་ཏུ་རོགས་རམ་མེད་པའི་སེམས་ཁྲལ་བྱེད་དགོས་ལ་ལས་དོན་སྒྲུབ་སྐབས་ད་དུང་ཆེད་མངགས་ཉེན་དོན་ས་ཚིགས་སུ་འགྲོ་དགོས་ཀྱི་ཡོད། ད་ཆ་འབྲེལ་གཏུག་གཱ་ཚོང་ཁང་ནང་སྦྱར་ཡོད་པ་དང་མི་དམངས་ཉེན་རྟོག་པར་ཁ་པར་རྒྱག་ཆོག་ཆོག་ཡོད་པས་ཚོང་རྒྱག་སྐབས་དེ་བས་བློ་བདེ་པོ་འདུག”ཅེས་བཤད།
གསར་འགོད་པར་ཤེས་རྟོགས་བྱུང་གསལ། འབྲེལ་གཏུག་གཱ་སྤྱད་ཚུན་གཞི་རིམ་གྱི་ཉེན་རྟོག་ལས་དོན་གྱི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་པ་དང་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་བར་ཡང་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་བྱུང་ཡོད། མང་ཚོགས་ཀྱི་རོགས་སྐྱོབ་རེ་ཞུ་མགྱོགས་མྱུར་དང་ལེན་བྱས་ཏེ་ཁ་པར་ནས་སྙན་ཞུ་དང་ལེན་བྱེད་ཚད་དང་ཐག་གཅོད་བྱེད་ཚད་ཚང་མ་100%ཟིན་ཡོད།
བྱེད་ཐབས་ཆུང་ངུས་ལས་དོན་ཆེན་པོ་བསྒྲུབས་པ།
གཞི་རིམ་བཅོས་སྐྱོང་བྱས་ན་མི་སེར་བདེ་འཇགས་ཡོང་བ་དང་། མི་སེར་བདེ་ན་གནམ་འོག་བདེ་བར་འགྱུར། ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་གཏུག་གཱ་གྱང་ཐོག་ཏུ་འགེལ་བའི་གསར་གཏོད་བྱེད་ཐབས་ཆུང་ངུ་དེ་སྟབས་བདེའི་བྱེད་ཐབས་ཤིག་ཡིན་རུང་། ས་མཐོའི་གཞི་རིམ་ཉེན་རྟོག་གི་ལས་དོན་ཞབས་ཞུའི་དཀའ་གནད་ཐག་གཅོད་གནད་སྨིན་ཐུབ་པས། དེ་ནི་བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་གྱི་ཉེན་དོན་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བའི་འཚོལ་ཞིབ་ནུས་ལྡན་ཞིག་རེད།
གོམ་སྟབས་རྗེས་མའི་ལས་དོན་ཐད་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་ཀྱང་འཆར་འགོད་ཁ་གསལ་བཟོས་པ་དང་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ་བཀྲ་ཤིས་དབང་འདུས་ཀྱིས་ཅུས་ཡོངས་ཀྱིས། མགྲོན་བསུའི་ལམ་གྱི་དམངས་ཕན་ཉེན་དོན་ས་ཚིགས་ཀྱི་ལས་ཀའི་ཉམས་མྱོང་རྨང་གཞིར་བྱས་ཏེ་ཁུལ་ཁོངས་སུ་ཁྱབ་གདལ་གཏོང་བ་དང་འབྲེལ། འབྲེལ་གཏུག་གཱ་ཡི་ཞབས་ཞུའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་ཉེན་གཏོང་རོགས་སྐྱོབ་དང་། སྲིད་ཇུས་བློ་འདྲི། མངོན་མེད་རྐྱེན་ངན་གོང་ཞུ་སོགས་ཀྱི་ནུས་པ་མང་པོ་བསྡུ་སྒྲིལ་བྱས་ཏེ་དྲ་ཐོག་དང་དྲ་ཕྱིའི་མཉམ་འགུལ་ལམ་སྲོལ་འཚོལ་ཞིབ་བྱས་ནས་ཤོག་བཟོས་འབྲེལ་གཏུག་གཱ་དེ་ནུས་མང་ཞབས་ཞུའི་གཞི་རྟེན་དུ་རིམ་སྤོར་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།