དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསེར་འབོར་ཆེན་དང་འབྲེལ་བའི་རང་ལྗོངས་ཀྱི་གྱོད་གཞི་ཐོག་མ་ཐག་གཅོད་ཡང་དག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསེར་འབོར་ཆེན་ཞིག་དང་འབྲེལ་བའི་རང་ལྗོངས་ཀྱི་གྱོད་གཞི་ཐོག་མ་ཐག་གཅོད་ཡང་དག་བྱས་ཤིང་། ཉེས་དོན་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་ལག་བསྟར་གྱོད་གཞིའི་ཁྲོད་ཀྱི་གྱོད་འབྲེལ་གསེར་ཁེ་5000བདེ་བླག་ངང་བཙོངས་ནས་གྱོད་འབྲེལ་དངུལ་ཚང་མ་རྒྱལ་མཛོད་ནང་རྩིས་འབུལ་ཞུས་པ་རེད།

    གསེར་དང་འབྲེལ་བའི་གྱོད་གཞི་དེ་ཁྲིམས་མཐུན་ལུགས་མཐུན་དང་ནུས་ཆེ་གོ་རིམ་ལྡན་པའི་ངང་ཐག་གཅོད་ཡོང་རྒྱུ་འགན་ལེན་བྱ་ཆེད། ཁྲིམས་ཁང་དེས་དང་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསེར་དངུལ་དོ་དམ་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་གྱོད་འབྲེལ་གསེར་ཚུར་བསྡུས་པ་རེད། གསེར་ཚུར་བསྡུའི་ལས་སྒོ་གནས་སྐབས་མཚམས་བཞག་པ་དང་ཐག་ཉེ་སར་ཐག་གཅོད་བྱ་རྒྱུར་འགོག་རྐྱེན་བྱུང་བས་ཁྲིམས་ཁང་དེས་སྣེ་ཁྲིད་དེ“ས་ཁོངས་ལས་བརྒལ་བའི་མཉམ་འགུལ་དང་། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ། ཞིབ་ཚགས་ཅན་གྱི་བསྡུར་འདེམས”བཅས་ཀྱི་ཆེད་དོན་ཐག་གཅོད་ཇུས་གཞི་བཟོས་ནས་འཕྲལ་མར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཆེད་དོན་སྙན་སེང་ཞུས་པ་དང་དུས་མཚུངས་མཉམ་འགུལ་ཚན་པའི་བསམ་འཆར་བསྡུ་ལེན་བྱས་པ་རེད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གནད་སྨིན་མཛུབ་ཁྲིད་བྱས་ནས་ཐག་གཅོད་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ཐག་གཅོད་བྱེད་རིང་ཁྲིམས་ཁང་དེས་ཆེད་དོན་ལག་བསྟར་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཁྲེང་ཏུའུ་སྐོར་ཞིབ་ཁྲུའུ་ཡིས་ལུགས་མཐུན་གསེར་ཉོ་སྒྲུབ་ཁེ་ལས་དང་མཐུན་སྦྱོར་དང་མཁའ་འགྲུལ་ཀུང་སིས་ལྗང་མདོག་བགྲོད་ལམ་བཏོད་དེ་ཕར་འགྲོ་ཚུར་འོང་གི་དུས་ཚོད་ཐུང་དུ་བཏང་བ་རེད། གྱོད་སྒྲུབ་ཚོགས་ཆུང་གི་ཁོངས་མི་ས་ཆ་གཞན་དུ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པར་བསྐྱོད་པ་དང་། རིན་གོང་བསྡུར་བའི་གྲོས་མོལ་ཐེངས་མང་བྱས་ནས་མཐར་ཚུར་བསྡུ་བྱེད་མཁན་གཏན་འཁེལ་བྱས་པ་དང་འབྲེལ་གོང་བཅད་དཔྱད་གཞི་དང་། གསལ་འབྱེད་བརྒྱུད་རིམ། མཇུག་རྩིས་རྒྱག་སྟངས་སོགས་འགག་རྩའི་དོན་དག་ཡིག་ཐོག་ནས་ཁ་གསལ་བཟོས་ཏེ་གྱོད་འབྲེལ་གསེར་དག་རིན་གོང་སྒོར་ཁྲི་520.6བྱས་ནས་ཚོང་འགྲིག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ས་ཁོངས་ལས་བརྒལ་ནས་ཐག་གཅོད་བྱས་པ་དེས་དམིགས་བསལ་གྱོད་འབྲེལ་རྒྱུ་ནོར་ལག་བསྟར་བྱ་ཆེད་འདྲ་བཟོས་ཆོག་པའི་ལག་ལེན་ཐབས་ལམ་འཚོལ་ཞིབ་ཐུབ་པ་རེད། གོམ་སྟབས་རྗེས་མར། ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས་ས་ཁོངས་ལས་བརྒལ་བའི་ལག་བསྟར་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་བརྒྱུད་རིམ་དག་རྒྱུན་མཐུད་ལེགས་སུ་བཏང་ནས་ལག་བསྟར་ལས་དོན་ནུས་ཆེ་ཚད་ལྡན་དུ་བཏང་ཐོག་རྒྱལ་ཁབ་ཀྱི་རྒྱུ་ནོར་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།