སྤོ་བོ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་རྒྱའི་བཟའ་བཏུང་གི་བདེ་འཇགས་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

འདི་ནི་སྤོ་བོ་རྫོང་གི་དྲ་རྒྱའི་བཟའ་བཏུང་གི་བདེ་འཇགས་སྐུལ་སྤེལ་ཚོགས་འདུ་དང་བཟའ་བཅའི་བདེ་འཇགས་ལྟ་སྐུལ་པ་གདན་ཞུའི་མཛད་སྒོ་གཉེར་ཡུལ་ཡིན་པ།
ཉེ་ཆར། སྤོ་བོ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་རྒྱའི་བཟའ་བཏུང་གི་བདེ་འཇགས་སྐུལ་སྤེལ་ཚོགས་འདུ་དང་བཟའ་བཅའི་བདེ་འཇགས་ལྟ་སྐུལ་པ་གདན་ཞུའི་མཛད་སྒོ་འཚོགས་པ་དང་། 《སྤོ་བོ་རྫོང་གི་མངག་ཚོང་སྐྱེལ་མཁན་གྱི་ཐེར་འདོན་བྱ་དགའི་ལས་ཀའི་ལམ་སྲོལ(ཚོད་ལྟའི་ལག་བསྟར)》ཡང་བཀྲམ་ནས་ལག་ལེན་བསྟར་བ་རེད།
ད་ཐེངས་བཏོན་པའི་ཐེར་འདོན་བྱ་དགའི་ལམ་སྲོལ་ནི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྤོ་བོ་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བཟོས་པ་ཞིག་ཡིན་པ་དང་། དེའི་ནང་ཐེར་འདོན་བྱེད་ཆོག་པའི་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་བདུན་ཁ་གསལ་བཟོས་པའི་གྲས་སུ་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པ་དང་། ལས་ཀ་བྱེད་མཁན་ལ་བདེ་ཐང་ལག་ཁྱེར་མེད་པ། དུས་ཚོད་ཡོལ་བའམ་ཡང་ན་ངོ་བོ་འགྱུར་བའི་བཟའ་བཅའི་རྒྱུ་ཆ་སྤྱོད་པ། ཚོང་གཉེར་ལག་ཁྱེར་དང་མི་མཐུན་པ། སྡེབ་སྐྱེལ་གྱི་ཁ་འཛར་སྦྱར་མེད་པ། ཐབ་ཚང་གི་གཙང་སྦྲ་ཞན་པ་སོགས་ཀྱི་གནད་དོན་གཙོ་བོ་ཚུད་ཡོད་པ་རེད། མངག་ཚོང་སྐྱེལ་མཁན་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་པས་གཞུང་ཕྱོགས་ཀྱི་ཐེར་འདོན་གོང་ཞུའི་ཁ་པར་བརྒྱུད་ཁུངས་སྣེ་མཁོ་འདོན་བྱེད་ཆོག་པ་དང་། ལམ་སྲོལ་ནང་ཐེར་འདོན་གོང་ཞུར་བྱ་དགའ་སྤྲོད་པའི་ཆ་རྐྱེན་དང་། རྩ་དོན། ཚད་གཞི་བཅས་ཁ་གསལ་བཟོས་ཡོད། བྱ་དགའ་སྤྲོད་པའི་དུས་ཚད་ནི་2026ལོའི་ཟླ་4ཚེས་28ཉིན་ནས་ཟླ་12ཚེས་31ཉིན་བར་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་དྲ་རྒྱའི་བཟའ་བཏུང་བདེ་འཇགས་ཀྱི་སྒྲིག་སྲོལ་དང་མཐུན་པའི་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། བཟའ་བཅའི་བདེ་འཇགས་ལྟ་སྐུལ་ནང་མངག་ཚོང་སྐྱེལ་མཁན་ཞུགས་པར་ལྕག་སྐུལ་བཏང་བ་དང་ཆབས་ཅིག 《དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་གཉེར་སྐྱོང་པས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་ལྟ་འདོམས་བྱེད་པའི་གཏན་འབེབས》དེ་2026ལོའི་ཟླ་6ཚེས་1ཉིན་དངོས་སུ་ལག་ལེན་བསྟར་ནས་དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།