ཚོང་ཁང་ནས་དངུལ་སྨར་བརྐུས་པའི་གྱོད་གཞི་ཞིག་ལྷ་སའི་སྤྱི་བདེས་རྩད་ཆོད་པ།
ཉེ་ཆར། གོང་རིམ་ཉེས་དོན་མྱུལ་ཞིབ་ལས་སྒོའི་སྡེ་ཚན་གྱི་གནད་སྨིན་མཛུབ་ཁྲིད་དང་གཞོགས་འདེགས་ཤུགས་ཆེན་འོག ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཆེད་ལས་ཀྱི་མྱུལ་ཞིབ་བྱེད་ཐབས་ལ་བརྟེན་ནས་གནད་སྨིན་བརྡར་གཅོད་དང་མྱུལ་ཞིབ་ཞིབ་ཚགས་བྱས་པས། ཚོང་ཁང་ནས་དངུལ་སྨར་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་པ་གསུམ་འཛིན་བཟུང་ཐུབ་ནས་རྒྱུ་ནོར་མི་བདག་བདག་བཟུང་གི་ཁོངས་གཏོགས་ཁུལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཟིལ་གྱིས་མནན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་28ཉིན། ཆུ་ཤུར་རྫོང་སྤྱི་བདེ་ཅུས་ལ་ཚོང་ཁང་ནང་གི་དངུལ་སྨར་སྒོར་ཁྲི་6ལྷག་ཙམ་ཚང་མ་བརྐུས་འདུག་ཅེས་པའི་མང་ཚོགས་ཀྱི་སྙན་སེང་འབྱོར་མ་ཐག་ཆུ་ཤུར་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་གོང་རིམ་གྱི་ལས་སྒོ་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུས། གོང་རིམ་སྡེ་ཚན་གྱི་ཆེད་ལས་ཀྱི་མཛུབ་ཁྲིད་དང་གཞོགས་འདེགས་འོག ཆུ་ཤུར་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་འཕྲལ་མར་རྒྱུ་ནོར་མི་བདག་བདག་བཟུང་གི་གྱོད་གཞིར་མྱུལ་ཞིབ་དང་རྩད་གཅོད་མགྱོགས་པོ་བྱེད་པའི་ལམ་སྲོལ་ལག་ལེན་བསྟར་ཏེ། ཉེན་རྟོག་པ་ཧྲག་གྲས་སྒྲིག་འཛུགས་བྱས་ནས་གྱོད་གཞི་ཐོན་ཡུལ་དུ་བསྐྱོད་ཅིང་། རྩད་ཞིབ་དང་། དཔང་རྟགས་བཙལ་འཚོལ། འདྲི་རྩད། གློག་མིག་ལ་བལྟ་བ་བཅས་ཁུངས་སྣེ་བཙལ་བ་མ་ཟད། འཕྲལ་མར་གྱོད་ཐོ་བཀོད་ནས་མྱུལ་ཞིབ་ཀྱང་བྱས་པ་རེད།
རྒྱུ་ནོར་མི་བདག་བདག་བཟུང་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ནས་མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པར་བྱ་ཆེད། ཆུ་ཤུར་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་གྱོད་གཞི་རྩད་གཅོད་དང་བརྐུས་དངུལ་འདེད་ལེན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཉེན་རྟོག་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁུངས་སྣེ་འཚོལ་བ་དང་ཆབས་ཅིག དོགས་ཡོད་ཉེས་ཅན་འཛིན་བཟུང་དང་གྱོད་འབྲེལ་མ་དངུལ་ཁུངས་འདེད་དང་བདའ་འདེད་བྱས། མཐར་ཟླ་5ཚེས་27དང་28ཉིན་ཉེས་གསོག་དོགས་ཅན་པ་གསུམ་པོ་བདེ་བླག་ངང་བཟུང་བ་རེད།
འབྲེལ་ཡོད་གསར་འགྱུར།