དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ད་ལོ་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་41ལག་ལེན་བསྟར་བ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་3པ་ནས་བཟུང་། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཆེད་དོན་ལག་བསྟར་གྱི་བྱ་སྤྱོད་ཏན་ཏིག་སྤེལ་ཏེ་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞིར་ཤར་སྐྱོད་འགྲོ་ལམ་བཏོད་པ་དང་། གཅིག་སྡུད་ལག་བསྟར་དང་། འཚང་གཡོལ་ལག་བསྟར། ས་ཁོངས་སྒྲོལ་བའི་མཉམ་འགུལ་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ཟླ་6ཚེས་11ཉིན་བར། དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་41ལག་བསྟར་བྱས་ཟིན་པ་དང་གྱོད་གཞིའི་དོ་བདག་ལ་ལག་བསྟར་བྱས་པའི་གྱོད་དངུལ་སྒོར་ཁྲི་131.55སྤྲད་དེ་དངོས་དངོས་རྗེན་རྗེན་གྱི་གྲངས་གཞིའི་ཐོག་ནས་མི་དམངས་མང་ཚོགས་ཀྱིས་གཞུང་དྲང་དང་དྲང་གཞག་ཐད་ལ་བཏོན་པའི་རེ་སྒུག་མངོན་འགྱུར་ཐུབ་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱ་སྤྱོད་ནང་གྱོད་གཞི་ཁག་41གྱོད་ཐག་བཅད་པའི་ཁྲོད་ཉོ་ཚོང་གན་རྒྱའི་རྩོད་གཞི་ཁག་10དང་། དངུལ་བུན་གཏོང་ལེན་གྱི་གན་རྒྱའི་རྩོད་གཞི་ཁག་11 གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི་ཁག་4བཅས་ཡོད་ཅིང་། དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཐག་གཅོད་བྱེད་ཚད་དང་ལག་བསྟར་ཟིན་ཚད་སོགས་ལྟེ་བའི་དམིགས་ཚད་གཞིས་རྩེ་གྲོང་ཁྱེར་གྱི་ཁྲིམས་ཁང་ཁག་གི་མདུན་གྲལ་དུ་སླེབས་ཡོད་པ་རེད།
ཆེད་དོན་བྱ་སྤྱོད་སྤེལ་ཚུན། ཁྲིམས་ལྟར་སྒོ་ཐེལ་རྒྱག་པ་དང་། བཙན་ཉར་བྱེད་པ། བཙན་འགུགས་བྱེད་པ་སོགས་ཀྱི་བྱ་ཐབས་བཙན་པོ་ཐེངས་20ལྷག་ཙམ་སྤྱད་པ་དང་། མཉམ་འགུལ་ལམ་སྲོལ་དང“འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རར”བརྟེན་ནས་དུས་ཡུན་རིང་པོར་གབ་ནས་བསྡད་པའི་ལག་བསྟར་བྱ་ཡུལ་མི་13གནད་སྨིན་ངང་བཙལ་འཚོལ་ཐུབ་པ་དང་མི་2ཁྲིམས་འཛིན་བཀག་ཉར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།