དབུ་ཤོག>ཁྲིམས་ལུགས།
  • བཞད་མཐོང་སྨོན་རྫོང་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས​་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-08

    ཉེ་ཆར། བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཚང་མས་འཕྲལ་སྡོམ་ཤེས་པར་བྱས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས“སློབ་གསོ་དང་ཆད་གཅོད”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་མི་ཚད་ལས་བརྒལ་བ་བླུགས་པ་དང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་བཅད་པ་དང་ཆབས་ཅིག ཁྲིམས་སྒྱུར་བྱེད་མཁན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་མང་ཚོགས་ལ་བདེ་འཇགས་ཤེས་བྱ་འགྲེལ་བཤད་བརྒྱབ་པ་མ་ཟད། མང་ཚོགས་ལ་འགྲིམ་འགྲུལ་སྒྲིག་སྲོལ་རང་རྟོགས་ངང་སྲུང་བ་དང་འགྲིམ་འགྲུལ་དོ་དམ་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་བྱས་ནས། ཉེན་རྟོག་པ་དང་མི་དམངས་མཉམ་དུ་ཞུགས་པའི་ཤེས་དཔལ་འགྲིམ་འགྲུལ་གྱི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

    གཞན་ཡང་། རུ་ཆེན་དེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ད་དུང་འཐབ་སའི་ནུས་པ་གང་ལེགས་བཏོན་ནས་ཁོངས་གཏོགས་ཁུལ་གྱི་མི་སྣ་འདུ་འཛོམས་ཆེ་སར་བསྐྱོད་དེ། འགྲིམ་འགྲུལ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་འགྲེམས་པང་སྒྲིག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་བཏང་ཞིང་། རྒྱ་ཆེའི་མང་ཚོགས་ལ་ཆང་བཏུངས་འཁོར་གཏོང་དང་། ངལ་དུབ་འཁོར་གཏོང་། མི་ཚད་ལས་བརྒལ་བ་དང་མྱུར་ཚད་ཚད་ལས་བརྒལ་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྤོང་དགོས་པའི་ཁ་ཏ་བསླབ་བྱ་བྱས་ནས་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་དཔལ་འདུ་ཤེས་ཟབ་ཏུ་བཏང་བ་རེད། ཞིབ་བཤེར་བྱེད་རིང་ཉེན་རྟོག་པ་མི་ཐེངས་7དང་ཉེན་རྟོག་རླངས་འཁོར་ཐེངས་3བཏང་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་300ལྷག་ཙམ་སྤྲད་པ། མང་ཚོགས་40ལྷག་ཙམ་གྱི་ཇུས་འདྲི་དང་ལེན་བྱས་པ། མང་ཚོགས་1200ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།