2026ལོའི་ལྷ་སའི་ཁྲིམས་ཁང་གི“ཧབ་འཚོང་ཟླ་བའི”བྱེད་སྒོ་སྤེལ་བ།
ལག་བསྟར་ཕྱི་གསལ་ནང་གསལ་དང་། རྒྱུ་ནོར་ཐག་གཅོད་ལེགས་སྒྲིག མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་བ་བཅས་སྔར་བས་ཟབ་ཏུ་གཏོང་ཆེད། ཟླ་4ཚེས་30ཉིན། ལྷ་སའི་རིམ་གཉིས་ཁྲིམས་ཁང་གིས་2026ལོའི་ལོ་འཁོར་གྱི་ལྷ་སའི་ཁྲིམས་ཁང་གི“ཧབ་འཚོང་ཟླ་བ” འགོ་ཚུགས་པའི་མཛད་སྒོ་འཚོགས་ནས། ཟླ་བ་ལྔ་པར་ལྷ་སའི་ཁྲིམས་ཁང་གིས་དམིགས་རྟེན་ཧབ་འཚོང་བྱས་ཤིང་། དེའི་ནང་བོད་ལྗོངས་ལྷ་ས་དང་སི་ཁྲོན་ཁྲེང་ཏུའུ་སོགས་སུ་གནས་པའི་ཁང་པ་50དང་རྒྱུ་ནོར་གཞན་དག་ཚུད་ཡོད་པ་རེད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་དང་དངུལ་རྩའི་སྒྲིག་གཞི་བཅས་ཀྱིས་བོད་ལྗོངས་དངུལ་ཁང་གི་ཚབ་བྱས་ཏེ་རྒྱུ་བདག་བརྗེ་བ་དང་། དཔྱ་ཁྲལ་འཇལ་བ། དངུལ་བུན་གཏོང་བ་སོགས་ཀྱི་དོན་གནད་ལ་སྟབས་བདེའི་ཞབས་ཞུ་བསྒྲུབས་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་སའི་ཁྲིམས་ཁང་གིས་ཁྲིམས་འཛིན་ཧབ་འཚོང་ལས་དོན་ཐད་དྲང་གཞག་དང་ནུས་ཆེའི་རྩ་དོན་མཐའ་འཁྱོངས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 2021ལོ་ནས་ད་བར་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་རིམ་རྩིས་བརྒྱབ་ན་དམིགས་རྟེན་ཁག་632ཧབ་འཚོང་བྱས་པའི་ནང་དམིགས་རྟེན་330བཙོངས་ཐུབ་ནས་ཚོང་འགྲིག་ཚད་52%དང་། ཚོང་འགྲིག་དངུལ་གྲངས་སྒོར་དུང་ཕྱུར་2.8 རིན་གོང་འཕར་ཚད་128%བཅས་ཟིན་པ་ཚང་མ་དྲ་བའི་ཧབ་འཚོང་བརྒྱུད་ནས་བྱེད་ཐུབ་ཡོད། རིམ་རྩིས་བརྒྱབ་ན། ཧབ་འཚོང་གི་ཆ་སྙོམས་རིན་གོང་སྒོར་ཁྲི་857གྲོན་ཆུང་ཐུབ་ནས་ཁྲིམས་འཛིན་ཐོན་ཁུངས་བེད་སྤྱོད་ནུས་ཆེ་དང་མང་ཚོགས་ཀྱི་ཁེ་དབང་འགན་ལེན་ནུས་ལྡན་གཉིས་ཀ་ཐུབ་པ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོ་ནས་བཟུང་། ཁྲིམས་འཛིན་གྱི་ཧབ་འཚོང་ལས་དོན་ལ་འཛིན་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ངོས་འཛིན་དང་ཡིད་ཆེས་སྔར་བས་ཟབ་ཏུ་གཏོང་བ་དང་། ལག་བསྟར་ཕྱི་གསལ་ནང་གསལ་ཡོང་བ་དང་རྒྱུ་ནོར་ཐག་གཅོད་ཀྱི་སྤུས་འབྲས་སྔར་བས་ཆེ་རུ་གཏོང་བ། ཚན་པ་དང་མཉམ་འགུལ་གྱི་ལེགས་ཆའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དཔྱ་ཁྲལ་བསྡུ་བ་དང་རྒྱུ་བདག་བརྗེ་བ་སོགས་ཀྱི་དཀའ་གནད་སེལ་ཆེད། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་རེའི་ཟླ་བ་ལྔ་པ་དེ་ལྷ་སའི་རིམ་གཉིས་ཁྲིམས་ཁང་གི“ཧབ་འཚོང་ཟླ་བར”གཏན་འཁེལ་བྱས་ཤིང་། བྱེད་སྒོ་མ་སྤེལ་གོང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རང་འགུལ་ངང་སྡེ་ཚན་ཁག་དང་འབྲེལ་བ་ཡོང་བར་མཉམ་འགུལ་བྱས་ནས་ཁྲིམས་ཁང་གིས་ཧབ་འཚོང་བྱེད་རིང“རྒྱུ་བདག་བརྗེ་དཀའ་བ་དང་། དངུལ་བུན་གཡར་དཀའ་བ། དོན་དག་སྒྲུབ་དཀའ་བ”བཅས་ཉོ་མཁན་གྱི་དཀའ་གནད་ནུས་ལྡན་བསལ་ཏེ“ཁྲིམས་འཛིན་གྱི་ཧབ་འཚོང་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ”གྱི་གཞི་གཅིག་ཅན་གྱི་ནུས་ཆེའི་ཞབས་ཞུའི་མ་ལག་ཅིག་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།