བུད་མེད་ཉེན་རྟོག་པའི་ལང་ཚོའི་གཟི་མདངས།
——ལྷ་སའི་དམིགས་བསལ་ཉེན་རྟོག་པ་ལུའེ་ཞའོ་ལིན་གྱི་སྐོར་བཀོད་པ།

ལྷ་སར་བུད་མེད་ཉེན་རྟོག་པ་འདི་འདྲ་ཞིག་ཡོད་དེ། ཁོང་ནི་དེ་སྔ་རྒྱལ་ཁབ་རིམ་པའི་རྒྱུག་ཤར་ལུས་རྩལ་པ་ཡིན་པ་དང་། ད་ཆ་ས་མཐོའི་དུས་བདེ་སྲུང་མཁན་གྱི་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་རུ་ཁག་གི་རུ་མི། དྲག་རྩལ་གྱི་ཉེན་རྟོག་དགེ་རྒན་བཅས་ཡིན། ཁོང་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་འཕྲལ་སྒྲུབ་རུ་ཆེན་གསུམ་པའི་སློབ་སྟོན་པ་ལུའེ་ཞའོ་ལིན་རེད།
① ཕུགས་བསམ་སྒྲུབ་ཆེད་ས་མཐོའི་དམིགས་བསལ་ཉེན་རྟོག་པའི་དཔུང་ཁག་ལ་ཞུགས།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་སྦྱོང་བརྡར་བྱ་ཡུལ་དུ་ཚ་ཚ་འུར་འུར་ངང་ནང་སྦྱོང་བྱེད་བཞིན་འདུག ཉེན་རྟོག་པའི་དམག་ཆས་གྱོན་པའི་ལུའེ་ཞའོ་ལིན་གྱིས་མི་དམངས་ཉེན་རྟོག་པ་ཚོར་དྲག་རྩལ་སློབ་ཀྱིན་དུ“གནད་འགག་བློ་ལ་ངེས་ནས་མགྱོགས་ཙམ་ཕར་རྒོལ་བྱེད་དགོས། རང་ཉིད་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཕ་རོལ་པོར་མགྱོགས་པོ་རྒོལ་དགོས”ཞེས་བླང་བྱ་ནན་པོ་འདོན་བཞིན་འདུག
ད་ལོ་ལོ་37ལ་སླེབས་པའི་ལུའེ་ཞའོ་ལིན་ནི་ཧོ་པེ་ཧན་ཏན་ནས་ཡིན་པ་དང་སློབ་ཆེན་འགྲིམ་སྐབས་ནས་བཟུང་མཐའ་མཚམས་སུ་བསྐྱོད་ནས་བོད་ལ་ཞབས་འདེགས་ཞུ་བའི་ཕུགས་བསམ་བཅངས་ཡོད། 2013ལོའི་ཟླ་7པར་ཁོང་གིས་མཐའ་མཚམས་ཀྱི་ལས་དོན་ལ་ཞུགས་པ་དང་ཆེད་ལས་ཤེས་ལྡན་མི་སྣའི་ངོས་ནས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་བསྡུས། དེ་ནས་བཟུང་གངས་ལྗོངས་ས་མཐོར་ཉེན་རྟོག་ལས་ལ་ཞུགས་ནས་ལོ་བཅུ་ལྷག་ཙམ་སོང་། སྦེ་གའི་ལུས་རྩལ་པ་ནས་སྤྱི་བདེའི་དམིགས་བསལ་ཉེན་རྟོག་པའི་བར་དང་། འགྲན་ར་ནས་ཉེན་རྟོག་པའི་ལས་གནས་བརྟན་སྲུང་བར་ཁོང་གིས་ལུས་རྩལ་པའི་སྙིང་སྟོབས་དང་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ས་མཐོའི་སྤྱི་བདེའི་བྱ་གཞག་ནང་མཉམ་འདྲེས་བྱས་ཡོད། ཆེད་ལས་ཀྱི་འཇོན་ཐང་ཆེ་བའི་ཁོང་གིས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་རིམ་གཉིས་ཉེན་རྟོག་པའི་དངོས་འཐབ་དགེ་རྒན་གྱི་འགན་འཁུར་བ་དང་2021ལོར་སྤྱི་བདེ་པུའི་རིགས་གཅིག་མཁས་ཅན་གྱི་ཤེས་ལྡན་པའི་མཛོད་ཀྱི་ཁོངས་མིའི་གྲས་སུ་ཚུད།
② སྦྱོང་བརྡར་ནན་པོ་བྱས་ནས་དངོས་འཐབ་ཀྱི་དམག་མི་རྩེ་གྲར་གྱུར།
ས་མཐོར་གསོ་རླུང་དཀོན་ཞིང་གནམ་གཤིས་དམིགས་བསལ་དབང་གིས་གངས་ལྗོངས་ཀྱི་དངོས་འཐབ་སློབ་ཁྲིད་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་དེ་ལྗོངས་ཕྱི་ལས་ཆེ་བས་མི་དམངས་ཉེན་རྟོག་པའི་གཟུགས་གཞི་དང་སེམས་ཁམས་ཀྱི་ངོས་ནས་བརྗོད་ན་ཚོད་བགམ་ཆེན་པོ་ཞིག་ཡིན། ཡིན་ནའང་ལུའེ་ཞའོ་ལིན་གྱིས་ཐོག་མཐའ་བར་གསུམ་དུ་ལུས་རྩལ་པའི་འབད་འཐབ་སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱས་ཏེ། འགྲན་རའི་བཙན་ཞིང་ནན་པའི་ཚད་གཞི་ཉེན་རྟོག་པའི་སྦྱོང་བརྡར་ནང་སྤྱད་དེ་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་དངོས་འཐབ་ཀྱི་འཇོན་ཐང་འཕེལ་བར་བྱས་ཡོད།
2018ལོར་ལུའེ་ཞའོ་ལིན་གྱིས་རུ་སྣེ་ཁྲིད་དེ་དུས་ཡུན་ཟླ་བ་གསུམ་གྱི་ཉེན་རྟོག་པ་གསར་པར་གཅིག་སྡུད་སྦྱོང་བརྡར་བྱས་པ་དང་དུས་ཡུན་རིང་པོའི་སྦྱོང་བརྡར་བྱས་པར་བརྟེན་མི་དམངས་ཉེན་རྟོག་པ་མི་ཉུང་བ་ཞིག་གི་ལུས་སེམས་གཉིས་ཀར་གནོན་ཤུགས་འཕྲད་ཡོད། ཁོང་གིས་སྦྱོང་བརྡར་ཐད་བླང་བྱ་ནན་པོ་བཏོན་པ་མ་ཟད། ངལ་གསོའི་དུས་ཚོད་སྤྱད་དེ་མི་དམངས་ཉེན་རྟོག་པར་སྐྱེས་སྐར་གཏོང་བ་དང་སྙིང་གཏམ་ཤོད་རེས་སོགས་བྱས་ནས་ཁོང་ཚོར་དྲོ་སྐྱིད་སྦྱིན་པ་དང་མཉམ་ཤུགས་འཕེལ་བ་བྱས་པས། དཔུང་ཁག་གི་དངོས་འཐབ་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། ས་མཐོ་བརྟན་སྲུང་བྱེད་པའི་དད་སེམས་ཀྱང་བརྟན་དུ་ཕྱིན་ཡོད།
ཉེན་རྟོག་པ་བྱས་ནས་ལོ་མང་སོང་རིང་། ལུའེ་ཞའོ་ལིན་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་མང་ཐོབ་ནས་ཕུལ་བྱུང་དྲག་རྩལ་དགེ་རྒན་ལ་བདམས་ཤིང་། 2016ལོར་རྒྱལ་ཡོངས་ཀྱི་སྐབས་བདུན་པའི་ཉེན་རྟོག་པའི་ལུས་རྩལ་འགྲན་བསྡུར་ཁག་གསུམ་ནང་ཁོང་གིས་བོད་ཀྱི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་རྩེར་སོན་བདམས་ཐོན་པ་ལྔ་བརྒྱ་དྲུག་བརྒྱ་དང་མཉམ་དུ་འགྲན་བསྡུར་བྱས་ཤིང་། འགྲན་བསྡུར་ཐེངས་མང་བྱས་མཐར་འབད་འཐབ་བྱ་དགའ་ཡག་ཤོས་ཐོབ་ཡོད།
③ ལང་ཚོར་བརྟེན་ནས་གངས་ལྗོངས་ཉེན་རྟོག་པའི་ལྷག་བསམ་འགན་འཁྲི་བསྒྲུབས།
གཞི་རིམ་གྱི་སློབ་སྟོན་པ་ཡིན་པའི་ལུའེ་ཞའོ་ལིན་གྱིས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དེ་བྱ་སྤྱོད་དུ་དོན་འཁྱོལ་བྱས་ནས་ཆབ་སྲིད་ཀྱི་རང་དམངས་མངོན་པར་བྱས་ཡོད། ཁོང་གིས་བུད་མེད་ལ་ལྡན་པའི་ངང་རྒྱུན་རིང་པོའི་བརྩེ་སེམས་དང་དཔའ་ངར་གྱི་གཤིས་རྒྱུད་ལ་བརྟེན་ནས་ཉེན་རྟོགས་པའི་ལས་དོན་ཏན་ཏིག་བསྒྲུབས་པར་བརྟེན་འཐབ་གྲོགས་ཚོའི་མིག་དཔེར་གྱུར་ཡོད།
ལུའེ་ཞའོ་ལིན་ནི་དམིགས་བསལ་གྱི་ཤེས་ལྡན་པ་ནང་འདྲེན་བྱེད་སྐབས་སྤྱི་བདེའི་དཔུང་ཁག་ལ་ཞུགས་ཤིང་། ལས་རིགས་ནང་ཀུན་གྱིས་ཁས་ལེན་པའི་ལས་སྒོའི་ཕུལ་བྱུང་མི་སྣ་དང་རྐང་འཛིན་པ་རྩེ་གྲ་ཞིག་ཡིན་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་བྱེད་ཀྱི་ཡོད། རྒྱུན་གཏན་ལས་སྒྲུབ་སྦྱོང་བརྡར་ཁྲོད་ཁོང་གིས་རང་དཔེ་གཞན་སྟོན་དང་མདུན་དུ་མཆོངས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལས་རོགས་ཉེན་རྟོག་པ་ཡོངས་ལ་མིག་དཔེ་སྟོན་གྱི་ཡོད། ཁོང་དང་མཉམ་དུ་ལས་ཀ་བྱས་ནས་ལོ་12སོང་བའི་ལས་རོགས་ཧོང་ཅང་གིས“རྒན་ལུའེ་ལགས་ནི་ལས་སྒོ་བྱང་ཆུབ་པ་དང་ལས་ཀ་བྱེད་སྐབས་ཚད་གཞི་མཐོ་ལ་སླ་བཅོས་སྤུ་ཙམ་ཡང་བྱེད་ཀྱི་མེད་པ་མ་ཟད། སེམས་རྩའང་འཁོལ་པོ་ཡོད། རྒྱུན་དུ་ལས་རོགས་ཀྱི་ཁྱིམ་དུ་དཀའ་ངལ་དང་ཛ་དྲག་ཆེ་བའི་གནས་ཚུལ་འཕྲད་སྐབས། ཁོང་གིས་རོགས་གང་ཐུབ་བྱེད་པས་ང་ཚོ་ཁོང་ལ་ཧ་ཅང་དགའ་པོ་ཡོད”ཅེས་བཤད།
བགྲང་བྱ་བཅུ་ལྷག་ཙམ་སྐད་གྲགས་མེད་པར་འབད་བརྩོན་བྱས་པ་བརྒྱུད། ལུའེ་ཞའོ་ལིན་གྱིས་གངས་ལྗོངས་ཀྱི་ཉེན་རྟོག་པའི་ཁྲོད་དུས་རབས་གསར་པའི་སྤྱི་བདེའི་བུད་མེད་ཉེན་རྟོག་པས་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འགན་སེམས་མཚོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།