བསྐྱར་དར་རྟགས་ཅན་ཐོག་གི་མཛེས་པའི་སྐལ་བཟང་མེ་ཏོག
——མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ལྷ་ས་སྤྱི་བདེ་ཁྲུའི“སྐལ་བཟང་མེ་ཏོག”བུད་མེད་འཁོར་ཐོག་ཉེན་རྟོག་ཚོགས་ཆུང་གི་སྐོར་བཀོད་པ།

འདི་ནི་བསྟན་འཛིན་ལྷ་མོས་འགྲུལ་པར་ལམ་སྟོན་བྱེད་བཞིན་པ།
ཆུ་ཚོད་8དང་སྐར་མ་10ཙམ་ལ། ལྷ་ས་ནས་ཉིང་ཁྲིར་སྐྱོད་པའི་མེ་འཁོར་ཨང་རྟགས་C881དངོས་སུ་གཏོང་འགོ་ཚུགས་ཤིང་། མེ་འཁོར་ལྕགས་ལམ་ཐོག་བྱ་འཕུར་བ་ལྟར་མདུན་དུ་སྐྱོད་པ་དང་། མེ་འཁོར་ཕྱིའི་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པ་དང་། མེ་འཁོར་ནང་གི་འགྲུལ་པ་ཚོ་ཕར་འགྲོ་ཚུར་འོང་གི་འཁྲུག་ཆ་རབ་ཏུ་དོད་པས། འཁོར་ཐོག་ཉེན་རྟོག་པ་ཚོའི་ཉིན་གཅིག་གི་ལས་བྲེལ་ཆེ་བའི་རྣམ་པ་ཞིག་ངང་གིས་མངོན་ཞིང་། བུད་མེད་འཁོར་ཐོག་ཉེན་རྟོག་ཚོགས་ཆུང་གི་འཁོར་ཐོག་ཉེན་རྟོག་དཔོན་བསྟན་འཛིན་ལྷ་མོས། “སྐལ་བཟང་མེ་ཏོག”བུད་མེད་འཁོར་ཐོག་ཉེན་རྟོག་ཚོགས་ཆུང་དེ་ཉིད་2022ལོའི་ཟླ་ལྔ་པར་འཛུགས་འགོ་ཚུགས་པ་ནས་2023ལོའི་ཟླ་གསུམ་པར་དངོས་སུ་བཙུགས་པ་རེད། ད་ཆ་མི་དམངས་ཉེན་རྟོག་པ་12དང་ཏང་ཡོན་8ཡོད་པ་དང་། རུ་མི་ཡོངས་ཀྱི་ཆ་སྙོམས་ལོ་གྲངས་33ཟིན་པ་ནི་གཞོན་ནུས་གཙོ་བོར་བྱས་པའི་ས་མཐོའི་བུད་མེད་འཁོར་ཐོག་ཉེན་རྟོག་པའི་དཔུང་ཁག་ཅིག་རེད། ཚོགས་ཆུང་བཙུགས་ཚུན། ཉེན་རྟོག་ཚོགས་ཆུང་གིས་ལས་ཀའི་ཚད་གཞི་ཚགས་ཚུད་པོ་བཟོས་ནས་ལས་སྒྲུབ་དྲིལ་བསྒྲགས་དང་། སྐོར་ཞིབ། ཞིབ་བཤེར། གཙང་བཤེར། འབྲེལ་གཏུག་བཅས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཁར། “ཕྱོགས་ལྔ་གཞི་གཅིག”གི་མཉམ་འགོག་མཉམ་སྡོམ་གྱི་ལམ་སྲོལ་ལ་བརྟེན་ནས་མེ་འཁོར་གྱི་བདེ་འཇགས་སྲུང་བཅད་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས། བསྟན་འཛིན་ལྷ་མོས། “2008ལོར་ང་རང་ལྕགས་ལམ་སྤྱི་བདེའི་ཉེན་རྟོག་པ་ཞིག་བྱས་པ་ནས་བཟུང་། ལྷ་ཉིང་ལྕགས་ལམ་ཤར་གཏོང་དང་བསྐྱར་དར་རྟགས་ཅན་གངས་ལྗོངས་ས་མཐོར་ཤར་གཏོང་ཐུབ་པ་དངོས་སུ་མིག་མཐོང་ལག་ཟིན་བྱུང་ལ། ངའི་ངོས་ནས་བརྗོད་ཚེ་ལས་ཀར་དཀའ་ཚེགས་ཇི་ལྟར་ཆེ་ཡང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བཤད།
བསྟན་འཛིན་ལྷ་མོས་གསར་འགོད་པར་བརྗོད་དོན། ས་མཐོའི་ཡུལ་སྐོར་ལམ་བུ་དམིཌ་བསལ་ཞིག་ཡིན་པ་དང་། འགྲུལ་པའི་ནང་ལོ་ན་རྒན་པ་དང་། ཞིང་འབྲོག་ཁུལ་ནས་འོང་བ། ཕྱི་ནས་འོང་བ་བཅས་ཀྱིས་བཟུང་ཚད་མང་བའི་ཁར་ཁག་གཅིག་གིས་མེ་འཁོར་ལ་གང་འདྲ་བྱས་ནས་སྡོད་དགོས་པར་རྒྱུས་མངའ་དེ་ཙམ་མེད་པ་དང་། ཕྱིར་སྐྱོད་ཀྱི་སྒྲིག་སྲོལ་ལའང་རྒྱུས་མངའ་མེད་པས་མེ་འཁོར་གྱི་རྗེས་མ་ཟིན་པ་དང་། ལམ་ནོར་ཤོར་བ། ཅ་དངོས་བོར་བརླག་སོང་བ། གཟུགས་པོ་མི་བདེ་བ་སོགས་ཀྱི་གནད་དོན་ཐོན་སླ་པོ་ཡོད། གནས་ཚུལ་དེར་དམིགས་ནས“སྐལ་བཟང་མེ་ཏོག”བུད་མེད་འཁོར་ཐོག་ཉེན་རྟོག་ཚོགས་ཆུང་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་རྒྱུན་རྣམ་ཅན་གྱི་དམངས་ཕན་གྱི་དྲོ་སྐྱིད་སྦྱིན་པའི་ཞབས་ཞུ་བསྒྲུབས་ཏེ་འགྲུལ་པར་སྤ་སེ་ཉོ་བའི་བློ་འདྲི་དང་། མེ་འཁོར་གྱི་སྡོད་ས་དང་ཅ་དངོས་འཚོལ་རོགས་བྱེད་པ། འཕྲལ་མར་རོགས་སྐྱོབ། བོད་རྒྱ་སྐད་གཉིས་ནས་ལན་འདེབས་པ་སོགས་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས་པ་དང་ཆབས་ཅིག ས་མཐོའི་ཕྱིར་སྐྱོད་ཁྱད་ཆོས་ལ་དམིགས་ནས་འཁོར་ཐོག་ཉེན་རྟོག་ཚོགས་ཆུང་གིས་ལ་དུག་འགོག་སྨན་གྲ་སྒྲིག་བྱས་པ་མ་ཟད། ས་གནས་དེ་གའི་སྨན་ཁང་དང་མཉམ་དུ“ཉེན་རྟོག་པ་དང་སྨན་པ་མཉམ་དུ་བསྐྱོད་ནས་བདེ་ཐང་ཡོང་བར་བྱེད་པའི”འོས་འགན་སྨན་བཅོས་རྣམ་གྲངས་དོན་འཁྱོལ་བྱས་ཏེ་ས་མཐོའི་མེ་འཁོར་གྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཞན་ཆ་བསལ་ཡོད། “རྒྱུན་གཏན་གྱི་ལས་ཀའི་ཁྲོད་ང་ཚོས་ཐོག་མཐའ་བར་གསུམ་དུ་འགྲུལ་པའི་དགོས་མཁོ་སེམས་སུ་བཞག་སྟེ། ཁོང་ཚོར་དགོས་མཁོ་ཡོད་ཚེ་ང་ཚོས་འཕྲལ་མར་རོགས་པ་བྱས་ནས་ཁོང་ཚོའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད”
“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་བསྟུན་ནས་མི་ཚེའི་ཉིན་མོ་རེ་རེ་ཡང་དེ་ལྟར་འདས།
“སྐལ་བཟང་མེ་ཏོག”བུད་མེད་འཁོར་ཐོག་ཉེན་རྟོག་ཚོགས་ཆུང་གི་བུད་མེད་ཉེན་རྟོག་པ་ཚོའི་ངོས་ནས་བརྗོད་ན། ཁོང་ཚོའི་ལས་ཀ་ནི་བལྟས་ཚོད་ལ་སྐད་གྲགས་དེ་ཙམ་མེད་རུང་ལོ་དང་ཟླ་བ་བསྟུད་ནས་སྤྱིར་བཏང་གི་ལས་གནས་བརྟན་པོར་སྲུང་གི་ཡོད། ལས་གནས་བརྟན་སྲུང་བྱེད་པའི་རྒྱབ་ཏུ་ཁོང་ཚོས་ཉེན་རྟོག་པའི་ལས་གོས་དེར་ངོ་གནོང་མི་དགོས་པ་བྱས་པ་དང་གངས་ལྗོངས་ས་མཐོའི་ས་གཞི་དེར་བརྩེ་བ་ལྷད་མེད་བཅངས་པ་མ་ཟད། དཀའ་ངལ་དུ་མ་ཁྱད་བསད་དང་གྲངས་ལས་འདས་པའི་བློས་གཏོང་བྱས་ཡོད།
“སྐལ་བཟང་མེ་ཏོག”བུད་མེད་འཁོར་ཐོག་ཉེན་རྟོག་ཚོགས་ཆུང་བཙུགས་པ་ནས་བཟུང་། བུད་མེད་ཉེན་རྟོག་པ་ཚོས་ནང་མིར་འཕྲེང་བའི་སེམས་པ་རུམ་དུ་སྦས་ནས་དུས་བདེ་སྲུང་སྐྱོང་གི་དམ་བཅའ་སེམས་ལ་བརྟན་པོར་བཅངས་ཏེ། ཁ་ཡོད་ལག་ཡོད་ཀྱིས་འཁོར་སྒྲོམ་རེ་རེ་བཞིན་ལ་ཞིབ་བཤེར་བྱས་ནས་འགྲུལ་བཞུད་ཚང་མ་བདེ་འཇགས་ཡོང་བར་བྱེད་ཀྱི་ཡོད། བསྟན་འཛིན་ལྷ་མོས། ལྕགས་ལམ་སྤྱི་བདེའི་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་བུད་མེད་འཁོར་ཐོག་ཉེན་རྟོག་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པ་ཚོས་དཀའ་ཚེགས་ཆེ་བའི་ལས་འགན་ཕྲག་ཏུ་ཁུར་བས་ཁྱིམ་ཚང་དང་ལས་ཀ་གཉིས་ཀར་ལྟ་རྟོག་བྱེད་ཁག་པོ་ཡོད། ཕྲུ་གུ་ན་སྐབས་འཁྲིས་སུ་སྡོད་མི་ཐུབ་ལ་རྒན་རྒོན་ལ་ལྟ་རྟོག་བྱེད་དགོས་སྐབས་ཀྱང་དུས་ཐོག་ཏུ་ཁྱིམ་ལ་ལོག་ཐུབ་ཀྱི་མེད། ནང་མི་མཉམ་འཛོམས་བྱེད་པའི་དུས་ཆེན་ཁག་ལའང་ང་ཚོས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ཏེ་ཁ་པར་ནས་ནང་མིར་འཚམས་འདྲི་ཞུ་རྒྱུ་ལས་མ་འདས་ཞེས་གསར་འགོད་པར་བཤད་བྱུང་། དཀའ་ངལ་དེ་དག་ལ་ཁོང་ཚོ་སྔ་ས་ནས་གོམས་ཟིན་མོད། འོན་ཀྱང་འགྲུལ་པ་ཚོའི་ངོ་གདོང་གི་འཛུམ་མདངས་མཐོང་བ་དང་ལྷག་བསམ་ཟོལ་མེད་ཀྱིས“ཐུགས་རྗེ་ཆེ”ཞེས་བརྗོད་པ་ཐོས་སྐབས། ཡིད་མུག་དང་དཀལ་ངལ་ཡོད་དོ་ཅོག་དེ་མ་ཉིད་དུ་མེད་པར་ཆགས་ཀྱི་ཡོད།
2022ལོར“སྐལ་བཟང་མེ་ཏོག”བུད་མེད་འཁོར་ཐོག་ཉེན་རྟོག་ཚོགས་ཆུང་བཙུགས་ཚུན། ཁོང་ཚོས་ས་མཐོའི་ལྕགས་ལམ་གྱི་བདེ་འཇགས་སྲུང་སྐྱོང་གི་འཐབ་ས་དང་པོར་བསྐྱོད་དེ། བུད་མེད་ཀྱི་ཞིབ་ཚགས་ལ་ཞི་འཇམ་ཞིང་ལྕགས་ལམ་ཉེན་རྟོག་པའི་ལྷག་བསམ་རྣམ་དག་གི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གངས་ལྗོངས་ལྕགས་ལམ་གྱི་དུས་བདེའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བས། སྔ་རྗེས་སུ་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ནས་གངས་ལྗོངས་མཁའ་ལམ་གྱི་སེམས་འགུལ་ཐེབས་ཤོས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།