ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས།
ཞིབ་དཔྱོད་སྒོ་དབྱེའི་ཉིན་མོ་དང་ཁྲིམས་སྐྱོང་དྲིལ་བསྒྲཌ་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་བརྩེ་སེམས་ལོ་ངོ་བཞི་བཅུ་འཆང་། ལག་གདང་སྦྲེལ་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད”ཅེས་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། བྱེད་སྒོས་ཡུལ་དངོས་སུ་ལྟ་སྦྱོང་དང་། ཆེད་དོན་བཞུགས་མོལ། ཁྲིམས་སྐྱོང་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། ཁོངས་གཏོགས་ཁུལ་གྱི་གཞོན་ནུ་ལོ་ཆུང་ལ་དབྱིངས་ཞུགས་རྣམ་པའི“ཁྲིམས་སྐྱོང་གསོལ་སྟོན་ཆེན་པོ”བཤམས་ཏེ། ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ་རེད།
བྱེད་སྒོ་སྤེལ་བའི་ཉིན་དེར་གདན་ཞུས་སྐུ་མགྲོན་དང་སློབ་ཆུང་སློབ་མའི་འཐུས་མི་ཚོ་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པའི་སྣེ་ཁྲིད་འོག་ཞིབ་དཔྱོད་གྱོད་སྒྲུབ་ཁུལ་དང་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་སློབ་གསོ་ཁང་དུ་ཡོང་བ་རེད། སློབ་ཆུང་སློབ་མའི་གོ་ཤེས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་ལས་བྱེད་ཉེན་རྟོག་པས་སྲོལ་རྒྱུན་གྱི་སློབ་གསོ་གཏོང་སྟངས་མ་སྤྱད་པར། གོ་བདེ་ཤེས་སླའི་སྐད་ཆ་དང་མཉམ་འགུལ་རྣམ་པའི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་བཅའ་ཁྲིམས་ཀྱི་རྒྱུན་ཤེས་དག་ལ་འགྲེལ་བཤད་གང་ལེགས་བརྒྱབ་པ་རེད།
ལྟ་སྐོར་ཚར་རྗེས་ཁང་དེས་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་གྱི་འགན་སྒྲུབ་ཀྱི་ཕན་འབྲས་དང་གསར་གཏོད་ཀྱི་མངོན་གསལ་ཆེ་རིགས་བརྡ་ཁྱབ་བཏང་བ་རེད། ཚོགས་ཞུགས་ལས་རིགས་ཁག་གི་འཐུས་མིས“ཕྱོགས་དྲུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་། འཚར་ལོངས་འགོག་སྲུང་འཛིང་རགས་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་དང་། སློབ་གྲྭའི་ཁྲིམས་སྐྱོང་སློབ་གསོ། དེ་བཞིན་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གྲོས་གཞིའི་སྐོར་ལ་ཐབས་འདོན་ཇུས་འདོན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།