དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • མཐོ་རྒྱུགས་རིང་གི་ཁ་བསླུས་འགོག་ཟོན།

    ལྷ་སའི་སྤྱི་བདེས་གཡོ་ཐབས་ཆེན་པོ་བརྒྱད་ཀྱི་མཐིལ་བརྟོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-30

    མཐོ་རྒྱུགས་ཀྱི་འགག་རྩའི་དུས་སུ་གློག་འཕྲིན་ཁ་བསླུས་ཐོན་མང་བས། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་རིགས་གསར་པའི་དྲ་རྒྱའི་ཉེས་གསོག་རྡུང་རྡེག་བཅོས་སྐྱོང་ལྟེ་གནས་སུ་བཅར་འདྲི་བྱས་ཤིང་། ཉེ་དུས་ཐོན་མང་བའི་ཁ་བསླུས་ཀྱི་གྱོད་དཔེ་དང་ཟུང་འབྲེལ་གྱིས། ཡིག་རྒྱུགས་དང་འབྲེལ་བའི་དཔེ་མཚོན་ཁ་བསླུས་རྒྱག་སྟངས་ཆེན་པོ་བརྒྱད་ཐེར་འདོན་བྱས་ཏེ། བསླུ་འགོག་གི་སྔོན་བརྡ་བཏང་བ་རེད།

    ཉེན་རྟོག་ཕྱོགས་ཀྱིས་ངོ་སྤྲོད་བྱས་དོན། མཐོ་རྒྱུགས་ཀྱི་བརྒྱུད་རིམ་ཧྲིལ་པོ་ནི་ཁ་བསླུས་ཐོན་མང་བའི་དུས་ཚོད་ཡིན་པ་དང་གཡོ་ཐབས་འདྲ་མིན་སྣ་ཚོགས་ཐོན་བཞིན་ཡོད། དེའི་ནང་ནས་རྫུན་རྒྱུགས་ཁྱབ་བསྒྲགས་ཁ་བསླུས་གྱོད་དཔེ་ཐོན་མང་ཤོས་ཡིན། རྒྱུགས་སྤྲོད་སློབ་མ་མི་ཉུང་བ་ཞིག་ལ་ཆ་རྒྱུས་མེད་པའི་འཕྲིན་ཐུང་དང་ཁ་པར་སླེབས་ནས། རྒྱུགས་སྤྲོད་སློབ་མར་རྫུན་རྒྱུགས་ཀྱི་བྱ་སྤྱོད་ལྡན་པའི་ལྟ་ཞིབ་ཚད་ལེན་ཐུབ་པས། ཡིག་རྒྱུགས་ཀྱི་སྦྱངས་འབྲས་རྩིས་མེད་དུ་གཏོང་རྒྱུ་ཡིན་ཞེས་བཤད་དེ། རྐང་བཙུགས་ནས་དངངས་སྐྲག་བཟོ་གི་ཡོད། དེར་ཉེན་རྟོག་ཕྱོགས་ཀྱིས། མཐོ་རྒྱུགས་སྐབས་ཀྱི་སྒྲིག་འགལ་དང་རྫུན་རྒྱུགས་ཞིབ་བཤེར་དང་དེ་བཞིན་གནས་ཚུལ་ཡོངས་བསྒྲགས་བྱེད་པར་ནན་ལ་ཚད་ལྡན་གྱི་གཞུང་ཕྱོགས་བརྒྱུད་རིམ་ཡོད་པས། སློབ་གསོ་ཡིག་རྒྱུགས་སྡེ་ཚན་གྱིས་འཕྲིན་ཐུང་དང་། ཁ་པར། ཆ་རྒྱུས་མེད་པའི་དྲ་སྦྲེལ་སོགས་ནས་རྒྱུགས་སྤྲོད་སློབ་མར་སྒྲིག་འགལ་གྱི་གནས་ཚུལ་སྐོར་རྩ་བ་ནས་ཤོད་མི་སྲིད། དེར་བརྟེན་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་ཆ་འཕྲིན་རྫུན་མར་ཡིད་ཆེས་བྱེད་མི་རུང་ལ། སོ་སོའི་ཡིག་རྒྱུགས་ཆ་འཕྲིན་ལ་དོ་དམ་ཡག་པོ་བྱས་ཏེ་ཆ་འཕྲིན་ཕྱིར་མི་གྱར་བ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    “ནང་ཁུལ་གྱི་འབྲེལ་བ་བརྒྱུད་སྔོན་ཚུད་ནས་སྦྱངས་འབྲས་ཤེས་རྟོགས་དང་དངུལ་སྤྲད་དེ་སྦྱངས་འབྲས་བཟོ་བཅོས་རྒྱག་པ”ནི་ཐོན་མང་བའི་མགོ་སྐོར་གཏོང་ཐབས་ཤིག་ཡིན།

    མཐོ་རྒྱུགས་མཇུག་འགྲིལ་རྗེས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཁག་གཅིག་སྦྱངས་འབྲས་ཤེས་འདོད་ཆེ་བས། ཁྲམ་པ་དག་གིས་གོ་སྐབས་དེ་བཟུང་ནས་ནང་ཁུལ་ནས་སྦྱངས་འབྲས་ཤེས་རྟོགས་དང་དངུལ་སྤྲད་དེ་སྦྱངས་འབྲས་བཟོ་བཅོས་རྒྱག་པ་སོགས་ཀྱི་ཆ་འཕྲིན་རྫུན་མ་བཏང་སྟེ་མང་ཚོགས་ལ་དྲ་སྦྲེལ་རྫུན་མ་ཁ་ཕྱེ་རུ་བཅུག་ནས་བསླུ་ཁྲིད་བྱེད་ཀྱི་ཡོད། དྲ་ཚུགས་རྫུན་མ་དེ་རིགས་ཀྱིས་གཞུང་ཕྱོགས་ཀྱི་དྲ་ཚུགས་དང་འདྲ་བཟོས་བྱས་ཏེ། ཆེད་མངགས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་དང་། ཁ་པར་ཨང་གྲངས། དངུལ་ཁང་གཱ་སོགས་མི་སྒེར་གྱི་གསང་དོན་ཆ་འཕྲིན་བརྐུས་ནས་ཁ་བསླུས་རྒྱག་གི་ཡོད། ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་ནན་པོ་བྱ་རྒྱུར། མཐོ་རྒྱུགས་སྦྱངས་འབྲས་གཞུང་ཕྱོགས་ཀྱི་ཚད་ལྡན་འབྲེལ་ལམ་ཁོ་ན་ནས་ཤེས་རྟོགས་ཐུབ་པས། དངུལ་སྤྲད་དེ་སྦྱངས་འབྲས་བཤེར་བ་དང་སྦྱངས་འབྲས་བཟོ་བཅོས་རྒྱག་པ་སོགས་ཚང་མ་ཁ་བསླུས་རེད།

    སློབ་བསྡུའི་དུས་མཚམས་སུ“དངུལ་སྤྲད་དེ་གྲགས་ཅན་སློབ་གྲྭའི་མི་གྲངས་ཉོ་བའི”མགོ་སྐོར་གཏོང་ཐབས་ལ་དོ་སྣང་བྱེད་དགོས།

    ཁ་བསླུས་རྒྱག་མཁན་གྱིས་མཐོ་སློབ་སློབ་བསྡུའི་མི་སྣ་དང་སློབ་གསོའི་ཁོངས་གཏོགས་ནང་ཁུལ་གྱི་ལས་དོན་མི་སྣ་ཡིན་ཁུལ་བྱས་ཏེ། སློབ་བསྡུའི་ཡིག་ཆ་རྫུན་བཟོ་དང་། ནང་ཁུལ་གྱི་སྟོན་རྟགས་དང་། ཆེད་བཙུགས་སློབ་བསྡུའི་འཆར་གཞི། དམིགས་བསལ་ཁ་གསབ་སློབ་བསྡུའི་མི་གྲངས་སོགས་ལ་ཁ་གཡར་ནས། སྦྱངས་འབྲས་དམའ་ཡང་གྲགས་ཅན་སློབ་གྲྭར་བསྡུ་བ་དང་དམིགས་བསལ་སློབ་བསྡུ་སོགས་རྙི་རུ་བྱས་ཏེ། འགྲོ་གྲོན་སྣ་ཚོགས་གཡོ་བསྡུ་བྱེད་ཀྱི་ཡོད། དོན་དངོས་ཐོག་མཐོ་རྒྱུགས་ཀྱི་སློབ་བསྡུའི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་ཁ་གསལ་ཡིན་ལ་བརྒྱུད་རིམ་ནན་ཞིང་ཚད་དང་ལྡན་པས། ལྐོག་ཏུ་བཀོལ་སྤྱོད་བྱས་པའི་སློབ་བསྡུའི་མི་གྲངས་ཡེ་ནས་མེད།

    ཐོན་སླ་བའི་གཡོ་ཇུས་རིགས་བཞི་གསེད་བཀྲོལ་ཞིབ་ཕྲ་བྱས་པ།

    གཅིག་ནི་འདོད་མོས་རེའུ་མིག་བཟོ་བཅོས་ལས་རྒྱུ་ནོར་ཁ་བསླུས་རྒྱག་པ། ཁྲིམས་འགལ་བས་ཁྲིམས་འགལ་གྱི་བྱ་ཐབས་བརྒྱུད་རྒྱུགས་སྤྲོད་སློབ་མའི་ཆ་འཕྲིན་ཤེས་རྟོགས་ཐུབ་རྗེས། ངན་སེམས་ཁོག་བཅངས་ཀྱིས་མཐོ་རྒྱུགས་འདོད་མོས་རེའུ་མིག་གཡོ་བཅོས་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་ཏེ་རྒྱུ་ནོར་ཁ་བསླུས་རྒྱག་གི་ཡོད། ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། འཇིགས་སྐུལ་དེ་རིགས་འཕྲད་ཚེ་དངངས་སྐྲག་ཀྱིས་དངུལ་མི་སྒྱུར་བར། འཕྲལ་མར་སློབ་གྲྭ་དང་འབྲེལ་གཏུག་བྱས་ནས་ཉེས་དོན་སྙན་སེང་ཞུས་ཏེ་རོགས་རམ་ཐོབ་ཐབས་བྱེད་དགོས། གཉིས་ནི་སློབ་གསོའི་ཁ་གསབ་ཀྱི་ཁ་བསླུས་ཡིན་ཞིང་། ཁྲམ་པས་སློབ་གསོ་ཅུས་དང་མི་སྤྱི་སྡེ་ཚན་གྱི་ལས་དོན་མི་སྣ་ཡིན་ཁུལ་གྱིས་མཐོ་རྒྱུགས་ཀྱི་སློབ་ཞུགས་རོགས་དངུལ་དང་། སློབ་གསོའི་ཁ་གསབ། ཆེད་དོན་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སོགས་སྤྲོད་པར་ཁ་གཡར་ནས། དངུལ་ཁང་གཱ་ཡི་ཆ་འཕྲིན་རག་ཐབས་དང་ཐོ་འགོད་གྲོན་དངུལ་བསྡུ་ཡི་ཡོད། ཁ་གསབ་མ་སྤྲད་སྔོན་ལ་དངུལ་བསྡུ་རིགས་ཚང་མ་གཡོ་ཐབས་ཡིན་པས་མགོ་སྐོར་མི་ཐེབས་པ་བྱེད་དགོས། གསུམ་ནི་སློབ་བསྡུ་རྫུན་མའི་གྲོན་དངུལ་བསྡུ་བའི་ཁ་བསླུས་ཡིན་ཞིང་། ཁྲམ་པས་མཐོ་སློབ་ཀྱི་སློབ་ཚུད་བརྡ་ཐོ་རྫུན་བཟོ་དང་སློབ་གྲྭའི་གཞུང་ཕྱོགས་དྲ་ཚུགས་འདྲ་བཟོ་བྱས་ཏེ། རྒྱུགས་སྤྲོད་སློབ་མར་རྩ་གཉིས་རྟགས་རིས་བཤེར་ནས་སློབ་ཡོན་དང་ཞག་སྡོད་རིན་པ་སྤྲོད་དགོས་པའི་བརྡ་བཏང་ནས། མང་ཚོགས་ལ་སྒེར་གྱི་རྩིས་ཁྲའི་ནང་དངུལ་སྒྱུར་བར་བསླུ་ཁྲིད་བྱེད་ཀྱི་ཡོད་པས། རྒྱུགས་སྤྲོད་སློབ་མས་ངེས་པར་དུ་སློབ་གསོ་ཡིག་རྒྱུགས་ཁང་དང་མཐོ་སློབ་ཀྱི་གཞུང་ཕྱོགས་དྲ་ཚུགས་སུ་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞི་འཛིན་ཏེ། སློབ་གཉེར་འོས་ཐོབ་ལ་བརྟག་དཔྱད་ནན་པོ་བྱེད་དགོས། བཞི་ནི་སློབ་ཞུགས་དངུལ་བུན་གཡར་བའི་ཁ་བསླུས་ཡིན་ཞིང་། ཁྲམ་པས་སློབ་ཞུགས་དངུལ་བུན་གཡར་རོགས་དང་གཅིག་གཏད་གཅིག་གིས་ལས་སྒོ་གཉེར་རོགས་ལ་ཁ་གཡར་ནས། རྒྱུགས་སྤྲོད་སློབ་མར་ཆ་རྒྱུས་མེད་པའི་མཉེན་ཆས་ཕབ་ལེན་དང་བརྙན་ཤེལ་མཉམ་སྤྱོད་བྱ་རྒྱུར་བསླུ་བྲིད་བྱས་ཏེ། གསང་བའི་ཨང་རྟགས་དང་ར་སྤྲོད་ཨང་རྟགས་སོགས་གསང་བའི་ཆ་འཕྲིན་གཡོ་ལེན་བྱས་ནས་རྒྱང་རིང་ནས་དངུལ་འཐེན་གྱི་ཡོད། བརྙན་ཤེལ་མཉམ་སྤྱོད་བྱེད་དགོས་རིགས་ཀྱི་བཀོལ་སྤྱོད་ཚང་མ་ཁ་བསླུས་རེད།

    ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། ཡིག་རྒྱུགས་དང་འབྲེལ་བའི་ལས་སྒོ་ཡོད་དོ་ཅོག་གཞུང་ཕྱོགས་ཀྱི་འབྲེལ་ལམ་བརྒྱུད་དགོས་པས། ཆ་རྒྱུས་མེད་པའི་ཁ་པར་མི་ལེན་པ་དང་། ཆ་རྒྱུས་མེད་པའི་དྲ་སྦྲེལ་ཁ་མི་ཕྱེ་བ། མི་སྒེར་གྱི་ཆ་འཕྲིན་ཕྱིར་མི་གྱར་བ། རྨོངས་ཚོད་ཀྱིས་དངུལ་མི་སྒྱུར་བ་སོགས་བྱེད་དགོས་ཤིང་། ཁ་བསླུས་ཀྱི་གནས་ཚུལ་འཕྲད་ཚེ་དཔང་རྟགས་ཡག་པོ་ཉར་ནས་110ལ་ཁ་པར་བརྒྱབ་ནས་ཉེས་དོན་སྙན་སེང་ཞུ་དགོས། (ཕུར་སྒྲོན་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།