དམངས་ཡོངས་ཀྱི་དུག་འགོག་འགོག་རགས་བརྟན་དུ་བཏང་བ།
ལྷ་ས་གྲོང་ཁྱེར་གྱིས“དུག་འགོག་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་བ།
དམངས་ཡོངས་དུག་འགོག་གི་སློབ་གསོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དུག་འགོག་གི་བཅོས་སྒྲིག་ལས་དོན་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། དུག་འགོག་ཤེས་བྱ་སྔར་བས་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱིས་དུག་ངོ་ཆོད་པ་དང་དུག་འགོག་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཚང་མ་དུག་འགོག་ནང་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་བོད་རང་སྐྱོང་ལྗོངས་དུག་འགོག་སློབ་གསོ་རྟེན་གཞིར་2026ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི“དུག་འགོག་དྲིལ་བསྒྲགས་ཟླ་བའི”རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོར་གཞོན་ནུ་ལོ་ཆུང་གི་སློབ་མའི་འཐུས་མི་དང་ལས་རིགས་ཁག་གི་འཐུས་མི་སོགས་དུག་འགོག་སློབ་གསོའི་རྟེན་གཞིར་བསྐྱོད་དེ། ཆེད་དོན་སྒྲོག་འགྲེལ་ཉན་པ་དང་། གྱོད་དཔེ་དངོས་ལ་ལྟ་བ། ཉེན་ཟོན་སློབ་གསོའི་འགྲེམས་པང་ལ་ལྟ་བ་སོགས་བརྒྱུད། དུག་འགོག་ཉེན་ཟོན་སློབ་གསོ་དབྱིངས་ཞུགས་རྣམ་པའི་སྒོ་ནས་དང་ལེན་བྱས་ཡོད། གསོན་ཉམས་དོད་པའི་དུག་འགོག་གྱོད་དཔེ་དང་དུག་རྫས་སྣ་ཚོགས་ལས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་མཁན་སློབ་མ་དང་ལས་རིགས་ཁག་གི་འཐུས་མི་སོགས་ལ་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། སློབ་གསོ་ཀྱང་ཐེབས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་དུག་འགོག་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བས་དུག་འགོག་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲོང་ཁྱེར་ཡོངས་ཀྱིས“རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར”འཛུགས་གཏོད་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་གཏོང་བ་དང་། དུག་འགོག་རྡུང་རྡེག་དང་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། ལྗོངས་ཡོངས་ཀྱི“ཚོར་སྦྲིད་སྨན་རྫས”ཁྲིམས་འགལ་གཉེར་སྐྱོང་གི་གྱོད་དཔེ་ཐོག་མ་བདེ་བླག་ངང་རྩད་ཆོད་དེ། དུག་འབྲེལ་གྱོད་གཞི་རྩད་ཆོད་ཚད་དུས་མཚུངས་ལས་200%འཕར་ཡོད། སྤྱི་ཚོགས་བདེ་འཇགས་རྒྱུན་མཐུད་ལེགས་སུ་ཕྱིན་ནས་དུག་འཐེན་མི་སྣས་བྱུར་ཉེས་བཟོ་བའི་གྱོད་གཞི་མི་ཐོན་པ་དང་། དུག་བཟོའི་རྫས་འགྱུར་ཐོན་རྫས་དང་ཚོར་སྦྲིད་སྨན་རྫས་མི་ཐོན་པའི་རྣམ་པ་བཟང་པོ་མངོན་འགྱུར་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“དུག་འགོག་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་དང་རྦད་དེ་ཁྱབ་པའི་དུག་འགོག་ཤེས་བྱ་སྡེ་ཁུལ་དང་། སློབ་གྲྭ ཁེ་ལས། གྲོང་གསེབ་བཅས་སུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་མུ་མཐུད་སྤེལ་བ་དང་། དུག་འགོག་དྲིལ་བསྒྲགས་ཀྱི་ཕན་ནུས་རྒྱུན་མཐུད་ཆེ་རུ་གཏོང་བ། དམངས་ཡོངས་དུག་འགོག་གི་འགོག་སྲུང་དྲ་བ་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་ཡོངས་སུ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།