བོད་ཀྱིས་ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ།
གྱོད་གཞི་བདག་སྤྲོད་བྱེད་ཚད་གོང་གི་ལོ་5ལས་ལྡབ་11ཙམ་འཕར་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྱབ་བསྒྲགས་བྱས་པའི་2021ལོ་ནས་2025ལོ་བར་གྱི་ཤེས་བྱའི་བདག་དབང་འདྲི་གཅོད་ལས་དོན་སྙན་ཞུ་ལས་མངོན་པར། ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་རིམ་གསུམ་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་སྐོར་གྱི་དམངས་དོན་དང་། ཉེས་དོན། སྲིད་འཛིན་བཅས་ཀྱི་གྱོད་གཞི་ཁྱོན་1595བདག་སྤྲོད་བྱས་པ་དག་དེ་གོང་ལོ་5དང་བསྡུར་ན་1099.25%འཕར་ཞིང་། ཞིབ་གཅོད་མཇུག་སྒྲིལ་བའི་དམངས་དོན་གྱོད་གཞི་1545ཡི་ནང་འདུམ་འགྲིག་ཕྱིར་འཐེན་བྱེད་ཚད་74.43%ཟིན་པ་དང་། རྩིས་འགྲོ་ཐོན་པའི་གཟུ་བཅད་བསྐྱར་ཞིབ་བྱེད་ཚད་0ཡིན་པ་མ་ཟད། དམངས་དོན་གྱོད་གཞི་འདྲི་གཅོད་བྱེད་པའི་དུས་ཚོད་དེ་ཁྲིམས་གཏན་འཁེལ་བའི་འདྲི་གཅོད་དུས་ཚད་ཀྱི་ཕྱེད་ཀ་ཡང་ཟིན་གྱི་མེད་པ་རེད།
གྱོད་གཞིའི་གྲུབ་ཆའི་ཐད་ནས་བལྟས་ན། དམངས་དོན་གྱོད་གཞི་1579ཡོད་པ་དེས་གྱོད་གཞི་སྤྱིའི་98.99%ཟིན་པའི་ནང་བརྩམས་ཆོས་ཀྱི་བདག་དབང་དང་ཚོང་རྟགས་ཀྱི་བདག་དབང་ལ་བཙན་གནོད་བཏང་བའི་རྩོད་གཞིས་58.39%དང་31.41%སོ་སོར་བཟུང་བ་དང་སྔར་བཞིན་རྩོད་གཞིའི་རིགས་གཙོ་བོ་དེ་ཡིན། དུས་མཚུངས་སུ་གྱོད་གཞིའི་གྲུབ་ཆར་ཡང་ཁྱད་ཆོས་གསར་པ་ཆེན་པོ་གཉིས་མངོན་པ་སྟེ། གཅིག་ནས་འབོར་ཆེའི་ཁེ་དབང་སྲུང་སྐྱོང་གིས་མང་ཆེ་བ་བཟུང་ཡོད། རྩོད་གཞི་མང་ཆེ་བ་ཚོང་རྟགས་ཀྱི་བདག་དབང་དང་རྩོམ་གྱི་བདག་དབང་གི་ཁྱབ་ཁོངས་སུ་གནས་པ་དང་། ཁེ་དབང་འཛིན་མཁན་གྱིས་དྲ་ཐོག་ནས་དཔང་རྟགས་འཚོལ་བསྡུ་དང་གཞུང་དཔང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་གཏུག་བཤེར་བྱས་པས། “ཁེ་དབང་འཛིན་མཁན་གྱིས་གཅིག་སྡུད་ཐོག་ཞུ་གཏུག་རྒྱག་པ་དང་ཚོང་དུད་ཀྱིས་གཞན་དབང་ངང་གཏུག་བཤེར་གདོང་ལེན་བྱེད་པའི”རྣམ་པ་ཆགས་ཡོད། གཉིས་ནས་དྲ་ཐོག་ཁེ་དབང་བཙན་གནོད་གཙོ་བོར་གྱུར་བ། བོད་ཀྱི་གྲངས་འཛིན་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཁེ་དབང་ལ་བཙན་གནོད་གཏོང་བའི་བྱེད་སྤྱོད་དྲ་ཐོག་ཏུ་བསྒྱུར་བ་དང་། སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ཐོག་རྫུས་མ་འཚོང་བ་དང་། བརྙན་ལམ་ཐུང་ངུའི་ཐོག་ནས་ཁེ་དབང་ལ་བཙན་གནོད་གཏོང་བ། ཐད་གཏོང་ཟོག་ཚོང་ཚུལ་མིན་འགྲན་རྩོད་བྱེད་པ། ཚོང་ལས་ཐད་དམའ་འབེབས་གཏོང་བ་སོགས་ཀྱི་གྱོད་གཞི་གསར་པ་རིམ་བཞིན་ཐོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།