གཞི་རིམ་དུ་ཁྲིམས་ལུགས་ཁྱབ་གདལ་བཏང་། ཁྲིམས་ལུགས་ཀྱིས་གྲོང་གསེབ་དར་བར་བྱས།
—— རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་ཨེ་མ་ཁྲིམས་རས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
ཉེ་ཆར། རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་ཨེ་མ་ཁྲིམས་རས་རྫོང་དེའི་གཞི་ཁྱོན་ཅུང་ཆེ་བ་དང་མི་འབོར་གཅིག་སྡུད་ཆེ་བའི་གཙོ་གནད་གྲོང་ཚོ(ཡུག་ཁུལ) གསུམ་དུ“ཁྲིམས་རས་སྐོར་སྐྱོད་དྲིལ་བསྒྲགས་བྱེད། དམངས་ཀྱི་སེམས་པ་དྲོ་བར་བྱེད”ཅེས་པའི་ཆེད་དོན་བྱེད་སྒོ་སྤེལ་ཏེ། གོ་དཀའ་བའི་ཆེད་ལས་བཅའ་ཁྲིམས་ཤེས་བྱ་དག་གོ་བདེ་ཤེས་སླའི“ཡུལ་སྐད”དུ་བསྒྱུར་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ལས་དོན་ལ་གྲུབ་འབྲས་ཏན་ཏིག་ཐོབ་པར་བྱས་ཡོད།
རྣམ་པ་གསར་གཏོད་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་གསོན་ཤུགས་འཕེལ།
ཁྲིམས་རས་གྲོང་ཚོ་ཨུ་ལྷན་གྱི་སྒོ་ར་དང་རིག་གནས་ཐང་ཆེན་སོགས་གྲོང་མི་འདུ་འཛོམས་བྱ་ཡུལ་དུ་སྒྲོག་འགྲེལ་སྟེགས་བུ་བཙུགས་པ་དང་། ཁྲིམས་དཔོན་དང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་འཆད་སྟེགས་ཐོག་བསྐྱོད་ནས་སློབ་ཁྲིད་བྱས་པ། དེ་སྔོན་གྱི་ཁ་ཐོར་རྣམ་པའི་བཅའ་ཁྲིམས་འགྲེལ་བཤད་བྱེད་སྟངས་དེ་གཅིག་སྡུད་སྒྲོག་འགྲེལ་ལ་བསྒྱུར་པ། ཁ་གསལ་ཞིང་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་ཀྱི་ནང་དོན་དང་གཟབ་ནན་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་ཡུལ་མིར་བཅའ་ཁྲིམས་ཤེས་བྱ་ཁག་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ། བཅའ་ཁྲིམས་ཀྱི་དོན་ཚན་དེ་རང་ས་རང་ཡུལ་གྱི་གྱོད་དཔེ་ངོ་མའམ་ཡང་ན་རྩོམ་སྒྲིག་གསར་གཏོད་བྱས་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་ནང་བཅུག་པ། ལྷག་པར་དུ་ཁྱིམ་ཚང་གི་གཏུམ་སྤྱོད་དང་གན་རྒྱའི་རྩོད་གཞི་སོགས་ཀྱི་དཔེ་མཚོན་བདམས་ཏེ“གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་བརྗོད”ཅེས་པར་བརྟེན་ནས་བཅའ་ཁྲིམས་ཀྱི་དོན་ཚན་དག་དངོས་སུ་ཚོར་ཐུབ་པ་དང་མི་སེམས་འགུལ་བར་གྱུར་པ། སྒྲོག་འགྲེལ་བྱེད་རིང་ཁྲིམས་དཔོན་གྱིས་སློབ་ཁྲིད་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་རང་འགུལ་ངང་ཡུལ་མི་མང་ཚོགས་ལ་དྲི་བ་བཏོན་པ་དང་། མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་ནན་ཏན་ཉན་ནས་བསམ་གཞིགས་ཧུར་ཐག་བྱ་རྒྱུའི་ཁྲིད་སྟོན་བྱས་པ། བཅའ་ཁྲིམས་ཤེས་བྱའི་དྲན་ཤེས་ཟབ་ཏུ་བཏང་བ། སྒྲོག་འགྲེལ་གྱི་མཉམ་འགུལ་རང་བཞིན་ཆེ་རུ་བཏང་བ། གོ་བདེ་ཤེས་སླ་དང་པར་རིས་མཉམ་སྒྲིག་གི་དམངས་དོན་ཁྲིམས་གཞུང་གི་ཤེས་བྱའི་དྲིལ་བསྒྲགས་ཤོག་ལྷེ་དང་དམངས་ཕན་འབྲེལ་གཏུག་བྱང་བུ་སོགས་ཞིབ་ཚགས་བཟོས་ནས་པར་བརྒྱབ་སྟེ། ཡུལ་མིས་དུས་དང་རྣམ་པ་ཀུན་ཏུ་ལྟ་ཀློག་དང་རྗེས་སུ་བློ་འདྲི་བྱེད་པར་སྟབས་བདེ་བསྐྲུན་ཡོད།
ཇུས་འགོད་ཞིབ་ཚཌ་བྱས་ནས་སྒྲོག་འགྲེལ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས།
སྐོར་སྐྱོད་སྒྲོག་འགྲེལ་གཞི་རིམ་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པའི་བཅའ་ཁྲིམས་ཀྱི་དགོས་མཁོར་དམ་པོར་དམིགས་ནས་བྱས་ཤིང་། སྒྲོག་འགྲེལ་གྱི་ནང་དོན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་གི་གྲོང་གསེབ་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་གཙོ་བོར་དམ་པོར་དམིགས་པ་དང་། ཁྱིམ་ཚང་གི་འཚོ་བ་དང་། ངལ་རྩོལ་གན་རྒྱ། ཁྱིམ་མཚེས་ཀྱི་རྩོད་གཞི་སོཌ་ཕྱོགས་མང་པོ་ཚུད་ཡོད། བཅའ་ཁྲིམས་ཀྱི་དོན་ཚན་གསལ་འགྲེལ་བྱས་པ་དང་། གྱོད་དཔེ་དངོས་དང་ཟུང་འབྲེལ་གྱིས་ཁྲིད་སྟོན་གསལ་པོ་བྱས་ནས་ཡུལ་མིས་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྤྱོད་པ་བཅས་ལ་རམ་འདེཌ་བྱས་ཡོད།
སྐོར་སྐྱོད་སྒྲོག་འགྲེལ་བྱེད་རིང་གཉེན་སྒྲིག་ཁྱིམ་ཚང་གི་སྐོར་དོན་ཟབ་ཅིང་གོ་སླ་བའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། གྱོད་དཔེ་དངོས་དང་ཟུང་འབྲེལ་གྱིས་ཁྱིམ་ཚང་གཏུམ་སྤྱོད་ཀྱི་བཅའ་ཁྲིམས་དབྱེ་མཚམས་དང་། གནོད་འཚེ། དཔང་རྟགས་བསྡུ་ཉར། མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་རེ་ཞུ་སོགས་ཀྱི་རོགས་སྐྱོབ་ཐབས་ལམ་ལ་དབྱེ་ཞིབ་བྱས་པ། དེའི་བཅའ་ཁྲིམས་ཀྱི་མཇུག་འབྲས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ་མ་ཟད། ད་དུང་འདྲ་མཉམ་དང་། འཆམ་མཐུན། ཡ་རབས་བཅས་ཀྱི་གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བ་དར་སྤེལ་ཡང་བཏང་ཡོད།
ཕན་འབྲས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་མི་སེམས་ལ་ཟུག་པར་བྱས།
ད་ཐེངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་ཡུག་ཁུལ་གསུམ་ལ་ཁྱབ་པར་བྱས་ཤིང་། རིམ་རྩིས་བརྒྱབ་ན། མང་ཚོགས་800ལྷག་ཙམ་དེའི་ནང་ཞུགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་སྒྲིག་ལམ་གོ་རིམ་ལྡན་པ་དང། ཡུལ་མིས་བློ་རྩེ་གཅིག་སྒྲིམ་ངང་ཉན་པ། སྤེལ་རེས་ཧུར་ཐག་བྱས་པ་བཅས་ལས་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་མངོན་ཡོད།
ད་ཐེངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བརྒྱུད། ཡུལ་མིས་ཁྲིམས་སྐྱོང་ཤེས་བྱ་ངོས་འཛིན་ཐུབ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་དང་། ཡུལ་མི་ཚོར་བཅའ་ཁྲིམས་དང་རང་ངོས་ཀྱི་འཚོ་བ་འབྲེལ་བ་དམ་ཟབ་ཡོད་པའི་ངོས་འཛིན་དེ་བས་གཏིང་ཟབ་བྱུང་བ། ཁྱིམ་ཚང་གི་གཏུམ་སྤྱོད“ཐར་པར་གཏན་ནས་མི་གཏོང་བའི”བཅའ་ཁྲིམས་ཀྱི་རྣམ་འགྱུར་དང་གན་རྒྱའི་ཚད་ལྡན་གྱི་གལ་ཆེའི་རང་བཞིན་ཤེས་རྟོགས་གསལ་པོ་བྱུང་བ། བཅའ་ཁྲིམས་ལ་བརྟེན་ནས་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཐབས་ལམ་ཤེས་རྟོགས་བྱུང་བ། ཡུལ་མི་ཚོས་རྒྱུན་མཐོང་གི་བཅའ་ཁྲིམས་ཀྱི་ཉེན་ཁ་དང་ལྷག་པར་དུ་ཁྱིམ་ཚང་གི་འགལ་བ་དང་དཔལ་འབྱོར་འགྲོ་འོང་ཁྲོད་ཀྱི་མངོན་མེད་རྐྱེན་ངན་སྔ་སྣུར་དུ་ཤེས་རྟོགས་བྱུང་སྟེ། བཅའ་ཁྲིམས་མི་ཤེས་པའི་རྐྱེན་གྱིས་ཐོན་པའི་འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་ཉུང་དུ་དང་གྲོང་གསེབ་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་བྱུང་བ། ཁྲིམས་འཛིན་ལ་ཀུན་གྱི་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ཁྲིམས་རའི་ལས་བྱེད་ཉེན་རྟོག་པ་རང་འགུལ་ངང་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་དང་ཉེ་བཅར་བྱས་ནས་དམངས་ཆེད་དང་། དམངས་བདེ། དམངས་ཕན་བཅས་ཀྱི་ཁྲིམས་འཛིན་གྱི་དངོས་སྒྲུབ་སྤྱོད་ཚུལ་མངོན་སྟེ་ཁྲིམས་འཛིན་དང་མི་སེར་དབར་གྱི་བར་ཐག་དེ་བས་ཉེ་རུ་ཕྱིན་པ། གྲོང་གསེབ་ཀྱི་ཁྲིམས་སྐྱོང་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཞིང་། བྱེད་སྒོ་སྤེལ་བ་བརྒྱུད་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྲིམས་སྦྱོང་བ་དང་། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་སྤྲོ་སེམས་ཆེ་རུ་སོང་སྟེ་རང་སྐྱོང་དང་། ཁྲིམས་སྐྱོང་། ཀུན་སྐྱོང་བཅས་ཟུང་དུ་འབྲེལ་བའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་པར་ཁྲིམས་སྐྱོང་གི་སྒུལ་ནུས་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།