ཁྲིམས་འཛིན་གྱི་དབང་གྲགས་ལ་འགོག་རྒོལ་བྱེད་མཁན་མི་གཉིས་བཀག་ཉར་བྱས་པ།
ལག་བསྟར་ལས་གཡོལ་བ་དང་། ལག་བསྟར་མི་བྱེད་པ། ལག་བསྟར་ལ་འགོག་རྒོལ་བྱེད་པ་བཅས་ཚང་མ་ཁྲིམས་འགལ་གྱི་གནས་ཚུལ་ཚབས་ཆེན་གྱི་ཁོངས་སུ་གཏོགས་ཤིང་། ཉེ་ཆར། ལག་བསྟར་བྱེད་མི་གཉིས་ལ་ཁྲིམས་འཛིན་བཀག་ཉར་གྱི་བཙན་ཤེད་བྱ་ཐབས་སྤྱད་དེ་ཁྲིམས་འཛིན་གྱི་དབང་གྲགས་དང་ཞུ་གཏུག་ཐོབ་པའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།
གྱོད་གཞིའི་གཞི་རྩའི་གནས་ཚུལ།
གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་དབང་ཆེ་གེ་མོ་དང་མེ་ཆེ་གེ་མོ་བར་གྱི་བོགས་མར་གཏོང་ལེན་སྐོར་གྱི་གན་རྒྱའི་རྩོད་གཞི་དང་པ་ཆེ་གེ་མོ་དང་བསྟན་ཆེ་གེ་མོའི་དབར་གྱི་ཉོ་ཚོང་གན་རྒྱའི་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་བྱེད་སྐབས། ཁྲིམས་ལྟར་ལག་བསྟར་བྱེད་མི་མེ་ཆེ་གེ་མོ་དང་བསྟན་ཆེ་གེ་མོ་གཉིས་ལ་ལག་བསྟར་བྱེད་དགོས་པའི་བརྡ་ཐོ་དང་། རྒྱུ་ནོར་སྙན་ཞུའི་བཀའ་རྒྱ། ལག་བསྟར་གྱི་ཉེན་ཁའི་གསལ་བརྡ། ཁྲིམས་སར་འབོད་འགུག་ཡི་གེ་སོགས་ཁྲིམས་དོན་ཡིག་རིགས་བསྐུར་མོད། འོན་ཀྱང་ལག་བསྟར་བྱེད་མི་མེ་ཆེ་གེ་མོ་དང་བསྟན་ཆེ་གེ་མོ་གཉིས་ཀས་རྒྱུ་ནོར་སྙན་ཞུའི་བཀའ་རྒྱ་སྣང་མེད་དུ་བཏང་སྟེ་རྐང་བཙུགས་ནས་རང་ཉིད་ཀྱི་རྒྱུ་ནོར་གནས་ཚུལ་ཞིབ་བཤེར་ལས་གཡོལ་ཐབས་བྱས་པ་དང་། ཁྲིམས་ཁང་གིས་ལྟ་སྐུལ་ཐེངས་མང་བྱས་ཀྱང་སྣང་མེད་དུ་བཏང་བ་དང་ལག་བསྟར་བྱེད་ནུས་ཡོད་ཀྱང་ནུས་པ་ཐོན་པའི་ཁྲིམས་དོན་ཡིག་རིགས་ནང་གཏན་འཁེལ་བྱས་པའི་འོས་འགན་ལག་བསྟར་མི་བྱེད་པ། དེས་མ་ཟད་ལག་བསྟར་བྱེད་མི་གཉིས་ཀྱིས་ཧམ་པ་ཆེན་པོས་ཐལ་དྲགས་པའི་བྱེད་སྤྱོད་དང་མ་རབས་གཏམ་བརྗོད་ཀྱིས་ལག་བསྟར་ལས་བྱེད་ཉེན་རྟོག་པར་འཇིགས་སྐུལ་དང་དམའ་འབེབས་བཏང་ནས། ལག་བསྟར་ལས་ཀར་འགོག་རྐྱེན་ཚབས་ཆེན་བཟོས་ཤིང་། བཙན་འགུགས་བྱས་ཀྱང་སྔར་བཞིན་འགྱོད་བཤགས་བྱས་མེད།
ལག་བསྟར་བྱས་འབྲས།
ལག་བསྟར་བྱེད་མི་གཉིས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ལ་གཞིགས་ནས། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་མེ་ཆེ་གེ་མོ་བཙན་ཤེད་ཀྱིས་ཁྲིམས་འཛིན་བཀག་ཉར་ཉིན་7བྱས་པ་དང་། བསྟན་ཆེ་གེ་མོ་བཙན་ཤེད་ཀྱིས་ཁྲིམས་འཛིན་བཀག་ཉར་ཉིན་15བྱས་པ་རེད། བཀག་ཉར་དུས་ཚད་ཐིམ་རྗེས་ལག་བསྟར་བྱེད་མི་གཉིས་ཀྱིས་ཡོངས་བསྒྲགས་ངང་དགོངས་སེལ་ཞུས་པ་དང་འབྲེལ། ཁྲིམས་ལྟར་ནུས་པ་ཐོན་པའི་ཁྲིམས་དོན་ཡིག་རིགས་ནང་གཏན་འཁེལ་བྱས་པའི་འོས་འགན་བསྒྲུབས་པ་རེད།
ཁྲིམས་དཔོན་གྱི་ཁྲིམས་འགྲེལ།
མི་དམངས་ཁྲིམས་ཁང་གི་ནུས་པ་ཐོན་པའི་ཁྲུན་གཅོད་ལ་རྒྱལ་ཁབ་ཀྱི་བཙན་ཤུགས་ལྡན་པས། ལག་བསྟར་ལས་གཡོལ་རྩིས་བྱེད་པ་དང་། ལག་བསྟར་ལ་འགོག་རྒོལ་བྱེད་པ། ཐ་ན་ཁྲིམས་འཛིན་གྱི་དབང་གྲགས་ལ་འགྲན་རྒོལ་བཅས་ཀྱི་བྱེད་སྤྱོད་གང་རུང་ལ་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་ཕོག་ངེས་རེད། ལག་བསྟར་བྱེད་མིས་རང་འགུལ་ངང་ཁྲིམས་བཀོད་འོས་འགན་སྒྲུབ་དགོས་པ་ལས་སྟེས་དབང་གི་བསམ་པ་གཏན་ནས་འཆང་མི་རུང་བ་དང་ཤེས་བཞིན་དུ་ཁྲིམས་འགལ་བྱེད་མི་རུང་།
ཁྲིམས་སྲོལ་སྦྲེལ་མཐུད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་སྐོར་གྱི་བཅའ་ཁྲིམས》 ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པའི་ནང་འཁོད་དོན། གཏུག་བཤེར་ནང་ཞུགས་མཁན་ནམ་ཡང་ན་མི་གཞན་དག་ལ་གཤམ་འཁོད་ཀྱི་བྱེད་སྤྱོད་གང་རུང་ཡོད་ན་མི་དམངས་ཁྲིམས་ཁང་གིས་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་དངུལ་ཆད་དང་བཀག་ཉར་གྱི་ཆད་པ་བཅད་ཆོག་པ་དང་། ཉེས་པ་བསགས་པའི་ཁོངས་སུ་གཏོགས་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།
(གཅིག) དཔང་རྟགས་གལ་ཆེན་རྫུན་བཟོ་དང་རྩ་བརླག་ཏུ་བཏང་ནས་མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཞིབ་གཅོད་བྱེད་པར་འགོག་རྐྱེན་བཟོས་རིགས་།
(གཉིས) དྲག་ཤུགས་དང་། འཇིགས་སྐུལ། ནོར་གྱིས་སླུ་བ་བཅས་ཀྱི་ཐབས་ལ་བརྟེན་ནས་དཔང་མིར་དཔང་པོ་བྱེད་དུ་མི་འཇུག་པའམ་ཡང་ན་མི་གཞན་ལ་ངན་སྐུལ་དང་། རྒྱུ་ནོར་གྱིས་བསླུ་བ། བཙན་སྐུལ་བཅས་བྱས་ནས་དཔང་མི་རྫུན་མ་དོན་དུ་འཇུག་རིགས།
(གསུམ) སྒོ་ཐེལ་བརྒྱབ་པ་དང་བཙན་ཉར་བྱས་པའི་རྒྱུ་ནོར་རམ་ཡང་ན་ཞིབ་བཤེར་རྩིས་ལེན་བྱས་པའི་ཁར་དེ་ཉིད་ལ་ཉར་ཚགས་བྱེད་དུ་བཅུག་པའི་རྒྱུ་ནོར་སྦས་སྐུང་དང་། སྤོ་སྒྱུར། ཕྱིར་འཚོང་། གཏོར་བརླག་བཅས་བྱས་རིགས་དང་། བསྡམས་བཅད་བྱས་པའི་རྒྱུ་ནོར་སྤོ་སྒྱུར་བྱས་རིགས།
(བཞི) ཁྲིམས་འཛིན་ལས་བྱེད་པ་དང་། གཏུག་བཤེར་ནང་ཞུགས་མཁན། དཔང་མི། ཡིག་སྒྱུར་བ། གསལ་འབྱེད་པ། སྐོར་ཞིབ་པ། ལག་ལེན་བསྟར་རོགས་བྱེད་མཁན་བཅས་ལ་དམའ་འབེབས་དང་། སྐུར་འདེབས། མ་ཉེས་ཁག་གཡོགས། ཉེས་རྡུང་གཏོང་བའམ་ཡང་ན་རྡུང་རྡེག་འཁོན་སློག་བཅས་བྱས་རིགས།
(ལྔ) ཁྲིམས་འཛིན་ལས་བྱེད་པས་རང་འགན་སྒྲུབ་པར་དྲག་ཤུགས་དང་འཇིགས་སྐུལ་ལམ་ཡང་ན་བྱ་ཐབས་གཞན་གྱི་ཐོག་ནས་བཀག་འགོག་བྱས་རིགས།
(དྲུག) མི་དམངས་ཁྲིམས་ཁང་གི་ཁྲིམས་ནུས་ཐོན་ཟིན་པའི་དཔྱད་ཁྲ་དང་བཀའ་བཅད་ལག་ལེན་མི་བསྟར་བའི་རིགས།
གོང་གསལ་གྱི་ནང་གསེས་ནང་གཏན་འབེབས་བྱས་པའི་བྱེད་སྤྱོད་གང་རུང་ཡོད་པའི་སྡེ་ཚན་ལ་མི་དམངས་ཁྲིམས་ཁང་གིས་དེའི་འགན་འཁུར་བ་གཙོ་བོའམ་ཡང་ན་ཐད་ཀའི་འགན་འཁུར་བར་དངུལ་ཆད་དང་བཀག་ཉར་གྱི་ཆད་པ་གཅོད་པ་དང་། ཉེས་གསོག་ཁོངས་སུ་གཏོགས་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།