གཞིས་རྩེ་ཞིབ་དཔྱོད་ལས་ཁུངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི“ཇོ་རིའི་ལྗང་མྱུག་སྲུང་མཁན”ཞིབ་དཔྱོད་དཔུང་ཁག་གིས།
ཁྲིམས་སྐྱོང་ཉི་འོད་འོག“སྐལ་བཟང་མེ་ཏོག”རབ་ཏུ་བཞད་པར་བྱས་པ།
གངས་ལྗོངས་ས་མཐོར་ན་སོ་དར་ལ་མ་བབས་པའི་མི་ནི་མཚར་སྡུག་ངང་བཞད་པའི་སྐལ་བཟང་མེ་ཏོག་དང་འདྲ་བར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཁོང་ཚོ་ནི་ཁྱིམ་ཚང་གི་རེ་བ་ཡིན་ལ་དེ་བས་གངས་ལྗོངས་ས་མཐོའི་མ་འོངས་པའང་ཡིན། ས་མཐོའི་ལོ་ཆུང་དེ་དག་ལ་ཁྲིམས་སྐྱོང་གི་སྲུང་བཅད་ཅིག་བསྐྲུན་ནས་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་ཕྲག་ཐོག་གི་འགན་འཁྲི་གལ་ཆེན་ཞིག་རེད།
གཞིས་རྩེར་དམིགས་བསལ་གྱི“ལྗང་མྱུག་སྲུང་མཁན”ཁྱུ་གཅིག་ཡོད་པ་དེ་དག་གིས་ཞིབ་དཔྱོད་ལས་གོས་སྔོན་པོ་གྱོན་ཏེ་ས་མཐོའི“སྐལ་བཟང་མེ་ཏོག”སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་ཞིབ་ཚགས་བྱེད་ཀྱི་ཡོད། ཁོང་ཚོ་ནི་གཞིས་རྩེ་ཞིབ་དཔྱོད་ལས་ཁུངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི“ཇོ་རིའི་ལྗང་མྱུག་སྲུང་མཁན”ཞིབ་དཔྱོད་དཔུང་ཁག་རེད།
2023ལོ་ཚུན། ལས་ཀའི་གྲུབ་འབྲས་ཏན་ཏིག་ལ་བརྟེན་ནས་དཔུང་ཁག་དེར་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་བྱས་རྗེས་འཇོག་མཁན་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ་དང་ཞིབ་དཔྱོད་དཔོན་གཅིག་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་བུད་མེད་ཞིབ་དཔྱོད་དཔོན་མཐུན་ཚོགས་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།
ན་སོ་དར་ལ་མ་བབས་པའི“ཇོ་རིའི་ལྗང་མྱུག་སྲུང་མཁན”ཞིབ་དཔྱོད་དཔུང་ཁག་གིས་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་མཁན་ཉེས་གསོག་པར་ཐོག་མཐའ་བར་གསུམ་དུ་རལ་གྲི་རྣོན་པོ་འཕྱར་ནས་རྒྱ་ཡན་དུ་གཏན་ནས་གཏོང་གི་མེད། ལོ་གསུམ་རིང་བཙན་གཡེམ་དང་གཏུམ་སྤྱོད་གནོད་འཚེ་སོགས་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཉེས་གསོག་སྣ་ཚོགས་ལ་ཐོག་མཐའ་བར་གསུམ་དུ“ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་མི་42མགྱོགས་མྱུར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་མི་43ཁྲིམས་ལ་སྦྱར་ཞིང་། ཁྲིམས་སྐྱོང་གི་རལ་གྲི་རྣོན་པོར་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོས་ཏེ་ན་སོ་དར་ལ་མ་བབས་པའི་མིའི་མི་ལུས་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།
ལོག་ལམ་ཏུ་ཤོར་བའི་ན་སོ་དར་ལ་མ་བབས་པའི་མིར་དཔུང་ཁག་གིས་སྦྲང་ཆར་ཟིལ་མ་ལྟ་བུའི་ཁྲིམས་འཛིན་གྱི་མཐུན་རྐྱེན་སྦྱར་ཡོད། “སློབ་གསོ་དང་། བློ་འགུག སྐྱོབ་ཐབས”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དང་། དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱས་ཤིང་། ནག་ཉེས་དང་འབྲེལ་བའི་ན་སོ་དར་ལ་མ་བབས་པའི་མི་14ཁྲིམས་ལྟར་མ་བཟུང་བ་དང་། ཆ་རྐྱེན་ཟུར་བཀོད་ཀྱིས་མི་36ཁྲིམས་ལ་མ་སྦྱར་བ། མི་35ཁྲིམས་ལ་མི་སྦྱར་བ། ན་སོ་དར་ལ་མ་བབས་པའི་མི་75ཡི་ཉེས་བསགས་ཟིན་ཐོ་སྒྲིག་སྲོལ་ལྟར་སྡོམ་ཉར་བཅས་བྱས་ཏེ། ལོག་ལམ་དུ་ཤོར་བའི་ལོ་ཆུང་རྣམས་རྒྱུན་ལྡན་གྱི་འཚོ་བའི་ནང་ལོག་པའི་ཐད་ཀྱི་འགོག་རྐྱེན་སེལ་གང་ཐུབ་བྱས་ཡོད།
དེ་དང་ཆབས་ཅིག་ཆེད་ལས་ཀྱི་སེམས་ཁམས་སློབ་གསོ་ཐེངས་33དང་རྒྱུན་རྣམ་ཅན་གྱི་རྗེས་སྙེག་སློབ་གསོ་ཐེངས་36བརྒྱབ་པར་བརྟེན་ནས་ལོག་ལམ་དུ་ཤོར་བའི་ན་སོ་དར་ལ་མ་བབས་པའི་མི་23སླར་ཡང་སློབ་གྲྭར་ལོག་པར་རོགས་རམ་བྱས་པས། ལོག་ལམ་དུ་ཤོར་བའི་གཞོན་ནུའི་ལང་ཚོ་སླར་ཡང་ལྟ་ན་སྡུག་པར་གྱུར།
ཇོ་མོ་གླང་མ་བརྗིད་ཆགས་ཤིང་ཉམས་དགའ་བའི་གཙང་ལྗོངས་སུ། གཞིས་རྩེ་ཞིབ་དཔྱོད་ལས་ཁུངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི“ཇོ་རིའི་ལྗང་མྱུག་སྲུང་མཁན”ཞིབ་དཔྱོད་དཔུང་ཁག་གིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་ངང་འགན་འཁྲི་ལག་ལེན་བསྟར་བ་དང་། ཐེག་པ་ཁུར་ལེན་ངང་གཞོན་ནུ་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་པ་མ་ཟད། གཙང་གི་ལོ་ཆུང་གཞོན་ནུ་རྣམས་ལ་རྒྱབ་སྐྱོར་བྱས་ཏེ་ས་མཐོའི་ཡུལ་གྱི“སྐལ་བཟང་མེ་ཏོག”རེ་རེ་བཞིན་ཁྲིམས་སྐྱོང་གི་དགུང་སྔོན་འོག་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་ཐུབ་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།