ཡུལ་སྐོར་རླངས་འཁོར་ཉེན་ཁར་འཕྲད། ཉེན་རྟོག་པ་ཡིས་འཕྲལ་མར་བསྐྱབས།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ར་ལུང་ཤང་མངགས་གཏོང་ཁང་ལ་ས་ཆ་གཞན་ནས་ཡོང་བའི་ཡུལ་སྐོར་བ་ཀྲང་ཆེ་གེ་མོའི་འཕྲལ་མྱུར་རོགས་སྐྱོབ་བྱེད་རོགས་ཞུ་བའི་ཁ་པར་འབྱོར་ཞིང་། ཀྲང་ཆེ་གེ་མོས་རང་འཁོར་བཏང་ནས་མཁའ་རེག་ལའི་འཁྱགས་རོམ་མཛེས་ལྗོངས་ཁུལ་དུ་སྐྱོད་པའི་ལམ་བར་དུ་གཟབ་གཟབ་མ་བྱས་པའི་དབང་གིས་རླངས་འཁོར་ལམ་འགྲམ་གྱི་ཡུར་བུའི་ནང་ཤོར་སོང་། དོན་རྐྱེན་ཐོན་ཁུལ་གྱི་ས་བབ་སྨི་5000ལྷག་ཙམ་ཟིན་གྱི་འདུག ལ་དུག་ཕོག་ནས་ངའི་གཟུགས་པོ་བདེ་པོ་མི་འདུག དེར་བརྟེན། མི་དམངས་ཉེན་རྟོག་པས་རོགས་སྐྱོབ་བྱེད་རོགས་ཞེས་བཤད།
ཉེན་དོན་སྙན་སེང་གི་ཁ་པར་འབྱོར་རྗེས། ར་ལུང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་དུ་རོགས་སྐྱོབ་སྒྲིག་ཆས་གྲ་སྒྲིག་བྱས་ནས་འཕྲལ་མ་ཉིད་དུ་དོན་རྐྱེན་ཐོན་ཡུལ་དུ་བསྐྱོད་ཅིང་། འབྲེལ་གཏུག་བྱས་རྗེས། དོན་རྐྱེན་ཐོན་ཡུལ་ནི་ས་ཐག་རིང་ལ་འགྲོ་ལམ་ཡག་པོ་དེ་ཙམ་མེད་པའི་རྐྱེན་གྱིས་ཆེད་ལས་རོགས་སྐྱོབ་རླངས་འཁོར་འཕྲལ་དུ་གཏོང་ཐབས་བྲལ་བ་དང་། ཉིན་གཉིས་པར་མ་གཏོགས་རླངས་འཁོར་འབྱོར་ཐུབ་ཀྱི་མེད་པ་ཤེས་རྟོགས་བྱུང་།
མངགས་གཏོང་ཁང་དུ་ལོག་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་ཀྲང་ཆེ་གེ་མོར་ཆུ་ཁོལ་བཏུང་དུ་བཅུག་པ་མ་ཟད། མངགས་གཏོང་ཁང་དུ་ཡོད་པའི་གྲབས་སྤྱོད་གསོ་རླུང་རྔུབ་ཏུ་བཅུག་ནས་གསོ་རླུང་མི་འདང་བའི་གནས་ཚུལ་ལེགས་སུ་བཏང་བ་ཆབས་ཅིག་ཁ་ཁུ་སིམ་པོ་དང་སྐྱིད་སྣང་དོད་པའི་ངལ་གསོ་རྒྱག་ས་བཀོད་སྒྲིག་བྱས་ནས་ཀྲང་ཆེ་གེ་མོ་ངལ་གསོ་ཡག་པོ་ཡོང་བར་མཐུན་རྐྱེན་གང་ལེགས་སྦྱར།
དུས་ཡུན་ངེས་ཅན་ཞིག་ལ་ངལ་གསོ་བརྒྱབ་པ་དང་ལྟ་རྟོག་བྱས་པ་བརྒྱུད། ཀྲང་ཆེ་གེ་མོའི་ནད་རྟགས་རིམ་བཞིན་ཞི་ལྷོད་དུ་ཕྱིན་པ་དང་ལ་དུག་ཀྱང་རིམ་བཞིན་བསལ་ཡོད། ཁོང་གི་གཟུགས་པོའི་གནས་ཚུལ་ཡག་ཏུ་ཕྱིན་རྗེས་མི་དམངས་ཉེན་རྟོག་པས་ཆེད་མངགས་རླངས་འཁོར་བཏང་ནས་ཀྲང་ཆེ་གེ་མོ་རྫོང་གྲོང་དུ་བདེ་འཇགས་ངང་བསྐྱལ་ཏེ་ངལ་གསོ་སྔར་བས་ཡག་པོ་བརྒྱབ་ནས་དྲག་སྐྱེད་ཡོང་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།