དམངས་དོན་ཁྲིམས་གཞུང་ལག་ལེན་བསྟར་ནས་ལོ་དྲུག་སོང་རིང་གི་གྲུབ་འབྲས་མངོན་གསལ་དོད་པ།
རང་ལྗོངས་ཀྱི་2026ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ།
དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་ལས་དོན་གཏིང་ཟབ་སྤེལ་ཏེ། དམངས་དོན་ཁྲིམས་གཞུང་ལག་ལེན་བསྟར་ནས་ལོ་དྲུག་སོང་རིང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། སྤྱི་ཚོགས་ཀྱི་འགལ་ཟླ་འདུམ་འགྲིག དྲང་གཞག་དྲང་བདེན་སྲུང་སྐྱོང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་གཞོགས་འདེགས་སོགས་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཕྱོགས་ཡོངས་ནས་མངོན་པར་བྱ་ཆེད། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཀྱི་2026ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”དཔེ་སྟོན་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ལ་སྒྲིག་ལམ་ཡག་པོ་ཡོད་ཅིང་། འགོ་ཚུགས་མཛད་སྒོ་གཉེར་ཡུལ་དུ་བཅའ་ཁྲིམས་ཁྱབ་གདལ་དང་བླངས་ཞབས་ཞུ་རུ་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོ་འཚོགས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་བཅའ་ཁྲིམས་ཁྱབ་གདལ་དང་བླངས་ཞབས་ཞུ་རུ་ཁག་ཐོག་མ་དེས་རུ་དར་བླངས་ནས་ས་ཁོངས་ཡོངས་ཀྱི་རྒྱུན་རྣམ་ཅན་དང་དམངས་ཡོངས་ཅན་གྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་སྟོབས་ཤུགས་གསར་པ་བསྣན་པ་རེད།
མཛད་སྒོའི་ཐོག ཚོགས་ཞུགས་འགོ་ཁྲིད་ཀྱིས་མཉམ་དུ་འགོ་ཚུགས་མཐེབ་བཀྱག་མནན་ནས། ཐེངས་འདིའི་ལྗོངས་ཡོངས་ཀྱི་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི་དཔེ་སྟོན་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་འགོ་ཚུགས་པ་རེད། ས་གནས་ས་ཐོག་ཏུ་འབྲེལ་ཡོད་ཚན་པ་ཁག་གིས་དུས་གཅིག་ཏུ་དྲིལ་བསྒྲགས་བྱ་ཡུལ་བཀོད་སྒྲིག་བྱས་ཏེ། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་དང་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
དེ་ཉིན་ཕྱི་དྲོར“གངས་ལྗོངས་ཁྲིམས་སྐྱོང་སློབ་ཁང”གིས་ཀྱང་དུས་གཅིག་ཏུ་འཆད་ཁྲིད་བྱེད་འགོ་ཚུགས་པ་དང་འབྲེལ་དྲ་ཐོག་ཏུ་ཐད་གཏོང་བྱས་ཤིང་། བྱེད་སྒོར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་ཧན་ཏེ་ཧུའེ་དང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཀྲང་རུའེ་གཡོད་གདན་དྲངས་ཏེ། ས་གནས་དེ་གའི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་དམངས་དོན་ཁྲིམས་གཞུང་གི་དོན་ཚན་གྱི་གོ་དོན་འགྲེལ་བཤད་བརྒྱབ་པ་རེད། ད་དུང་ས་གནས་ས་ཐོག་ཏུ་གྲལ་སྒོར་སྤེལ་རེས་ལྷུ་ཚིགས་བཀོད་སྒྲིག་བྱས་ཤིང་། གཞི་རིམ་གྱི“ཁྲིམས་ཤེས་པས”རང་ངོ་མས་ཁྲིམས་སྦྱོང་བ་དང་ཁྲིམས་སྤྱོད་པའི་བརྒྱུད་རིམ་གླེང་བ་དང་། དམངས་དོན་ཁྲིམས་གཞུང་ལས་འཚོ་བར་བྱུང་བའི་འགྱུར་ལྡོག་ལ་དམིགས་ནས་གྲོས་བསྡུར་བྱས་པ་དང་སྦྲགས། ཕན་ཚུན་མཉམ་འགུལ་གྱི་དུས་ཚོད་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱིས་གྲོས་འཆར་དང་དྲི་བ་འདོན་པར་སྐུལ་ལྕག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།