དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲིམས་འཛིན་ཞབས་ཞུ་མང་ཚོགས་ཀྱི་སྒོ་རྩར་སྐྱེལ་བ།

    —— གཞིས་རྩེ་འཁོར་ཐོག་སྐོར་སྐྱོད་ཁྲིམས་རས་དམངས་ཆེད་ཁྲིམས་འཛིན་གྱི་རྒྱུགས་ལན་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-26

    འདི་ནི་དིང་རི་རྫོང་ཁྲིམས་ཁང་གི་འཁོར་ཐོག་སྐོར་སྐྱོད་ཁྲིམས་རས་སྐོར་སྐྱོད་འདྲི་གཅོད་བྱས་ནས་རྩོད་གཞི་ཐག་གཅོད་བྱེད་བཞིན་པ།

    ས་བབ་སྨི་སྟོང་ཕྲག་ཁ་ཤས་ཡོད་པའི་མཐའ་མཚམས་འབྲོག་ར་དང་། ཐག་རིང་ལུང་ཁུག་གི་གྲོང་ཚོ། ཞིང་ནང་བཅས་སུ“འཁོར་ཐོག་སྐོར་སྐྱོད་ཁྲིམས་ར”ཞེས་བྲིས་པའི་རླངས་འཁོར་རེ་རེ་ཕར་འགྲོ་ཚུར་འོང་བྱེད་པ་དེ་གངས་ལྗོངས་ས་གཞི་ཆེན་པོའི་དྲོ་སྐྱིད་ལྡན་པའི་ཁྲིམས་སྐྱོང་མཛེས་ལྗོངས་ཤིག་ཏུ་གྱུར་ནས་དམངས་ཆེད་ཁྲིམས་འཛིན་གྱི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བཞིན་ཡོད། 2023ལོ་ནས་2025ལོ་བར་འཁོར་ཐོག་སྐོར་སྐྱོད་ཁྲིམས་རས་སྤྱི་ལེ་ཁྲི་226ཙམ་བསྐྱོད་དེ་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་སྣ་ཚོགས་བསལ་བ་དང་། མཐའ་མཚམས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ནས་གཞིས་རྩེའི་ས་ཆ་གང་སར་དྲང་གཞག་དྲང་བདེན་གྱི་ཉི་འོད་འཕྲོས་ཡོད།

    ཉེ་སར་བཅར་ནས་རྩོད་གཞི་འདུམ་འགྲིག་བྱས་པ།

    ས་བབ་སྨི་4700ཡོད་པའི་གམ་པ་རྫོང་གི་མཐའ་མཚམས་འབྲོག་རར་གངས་རླུང་འཚུབ་བཞིན་ཡོད་པ་དང་། རྒྱུ་ནོར་བགོ་བཤའ་རྒྱག་པའི་ས་གནས་ས་ཐོག་གི་དམིགས་བསལ་འདུམ་འགྲིག་ཚོགས་འདུ་ཞིག་འབྲོག་པའི་སྒོ་རར་འཚོགས་པ་རེད། དེ་ནི་གམ་པ་རྫོང་ཁྲིམས་ཁང་གྲང་ལུང་ཁྲིམས་ཁང་གིས་འཁོར་ཐོག་སྐོར་སྐྱོད་ཁྲིམས་ར་བརྒྱུད་ཐག་གཅོད་བྱས་པའི་མཐའ་མཚམས་འབྲོག་པའི་བཟའ་ཚང་ཁ་བྲལ་གྱི་གྱོད་གཞི་ཞིག་རེད། ཁྲིམས་གཅོད་ཁྲིམས་དཔོན་གྱིས་ཁྲིམས་ཁང་དུ་གྱོད་གཞི་སྒྲུབ་གཉེར་བྱེད་སྟངས་མ་སྤྱད་པར་གྱོད་འབྲེལ་ཡིག་ཆ་ཁྱེར་ནས་རླངས་འཁོར་བཏང་སྟེ་འབྲོག་ཁྱིམ་དུ་བསྐྱོད་ནས་ཁྲིམས་ལུགས་དང་གནས་ལུགས་འདུམ་འགྲིག་གི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་པས་ན་སོ་དར་ལ་མ་བབས་པའི་མིའི་གསོ་སྐྱོང་ཁེ་དབང་འགན་ལེན་ཐུབ་པ་མ་ཟད། འབྲི་གཡག་དང་རླངས་འཁོར་སོགས་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆ་ཡང་ལུགས་མཐུན་ངང་བགོ་བཤའ་རྒྱག་ཐུབ་ཡོད། མཐར་ཕྱོགས་གཉིས་དབར་འདུམ་འགྲིག་གི་གྲོས་མཐུན་བྱུང་བ་རེད།

    དེ་ནི་གཞིས་རྩེའི་འཁོར་ཐོག་སྐོར་སྐྱོད་ཁྲིམས་ཁང་གི་དམངས་ཕན་ཆེད་དུ་རྩོད་གཞི་འདུམ་འགྲིག་བྱས་པའི་མཚོན་ཚུལ་ཙམ་རེད། གཞིས་རྩེ་ས་ཁུལ་གྱི་ས་རྒྱ་ཆེ་ལ་ཞིང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ་མ་ཟད། ལྷག་དོན་དུ་མཐའ་མཚམས་ས་ཁུལ་དང་ཐག་རིང་གྲོང་གསེབ་ཁག་གཅིག་གི་འགྲིམ་འགྲུལ་སྟབས་བདེ་མེད་པའི་དབང་གིས་མང་ཚོགས་ལ་ཞུ་གཏུག་རྒྱག་པའི་ལམ་ཐག་རིང་བ་དང་། མ་གནས་མཐོ་བ། དུས་ཚོད་རིང་བ་བཅས་ཀྱི་དཀའ་གནད་མང་པོ་འཕྲད་ཀྱི་ཡོད། ཁྲིམས་འཛིན་ཞབས་ཞུའི་དཀའ་གནད་དེ་སེལ་ཆེད། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས“གནས་རྒྱུད་ཁྱོན་གསུམ”གཞི་གཅིག་ཅན་གྱི་ཁྲིམས་འཛིན་ཞབས་ཞུའི་དྲ་མིག་བཙུགས་པ་དང་། འཁོར་ཐོག་སྐོར་སྐྱོད་ཁྲིམས་རའི་སྐོར་སྐྱོད་གྱོད་གཞི་ཐག་གཅོད་ཀྱི་ལམ་སྲོལ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཁྲིམས་ར་མང་ཚོགས་ཀྱི་སྒོ་འགྲམ་དུ་སྤོས་ནས་ཁྲིམས་འཛིན་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ་རེད།

    གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་འཁོར་ཐོག་སྐོར་སྐྱོད་ཁྲིམས་རས་རིམ་རྩིས་བརྒྱབ་ན་གྱོད་གཞི་ཁག་8451བདག་སྤྲོད་དང་གྱོད་གཞི་ཁག་8356ཞིབ་གཅོད་བྱས་པས་གྱོད་གཞི་ཐག་གཅོད་བྱུང་ཚད་98.99%ཟིན་པ་དང་། ཞུ་གཏུག་མ་བྱས་གོང་གྱོད་གཞི་ཁག་2919འདུམ་འགྲིག་བྱས་པ་དང་འདུམ་འགྲིག་ལམ་ལྷོངས་བྱུང་ཚད་88.28%ཟིན་ཡོད། རིམ་རྩིས་བརྒྱབ་ན་གྱོད་གཞི་ཐག་གཅོད་ཀྱི་ལམ་ཐག་སྤྱི་ལེ་ཁྲི་226.69ཟིན་པ་དེ་སའི་གོ་ལའི་ཐིག་དམར་ལ་སྐོར་བ་56.57བརྒྱབ་པ་དང་མཚུངས་པ་མ་ཟད། འགྲུལ་བཞུད་རེ་རེ་དང་གྱོད་གཞི་རེ་རེ་བརྒྱུད་ནས་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་ཧུར་ཐག་སེལ་ཡོད་པ་རེད།

    ཁྲིམས་སྐྱོང་གིས་མཐའ་མཚམས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་གཞོགས་འདེགས་བྱས་པ།

    མཐའ་མཚམས་ས་ཁུལ་གྱི་ཁྲིམས་འཛིན་དགོས་མཁོར་གཞི་འཛུགས་ཆེད། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་འཁོར་ཐོག་སྐོར་སྐྱོད་ཁྲིམས་ར་དེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མཐའ་མཚམས་སྲུང་བའི“བཙན་རྫོང་མདུན་མ”ཞིག་ཏུ་བསྐྲུན་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ནང་རང་འགུལ་ངང་ཞུགས་ཏེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་གཞོགས་འདེགས་བྱས་པ་རེད།

    མཐའ་མཚམས་འགག་སྒོ་ཁག་ཏུ་མཐའ་མཚམས་ཁྲིམས་ཁང་9ཡིས་འཁོར་ཐོག་སྐོར་སྐྱོད་ཁྲིམས་རར་བརྟེན་ནས་སྐོར་སྐྱོད་གྱོད་གཞི་ཐག་གཅོད་ས་ཚིགས་བཙུགས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ས་ཆ་དེ་རང་དུ་གྱོད་གཞི་ཐག་གཅོད་དང་བཅའ་ཁྲིམས་ཞབས་ཞུ་སྤེལ་ནས་མཐའ་མཚམས་དང་འབྲེལ་བའི་ཉོ་ཚོང་དང་མཐའ་མཚམས་དོ་དམ་སོགས་ཀྱི་རྩོད་གཞི་སྣ་ཚོགས་གནད་སྨིན་ངང་ཐག་གཅོད་བྱས་ཡོད། ལོ་གསུམ་རིང་། རིམ་རྩིས་བརྒྱབ་ན་མཐའ་མཚམས་དང་འབྲེལ་བའི་གྱོད་གཞི་ཁག་511ས་ཆ་དེ་རང་དུ་ཞིབ་གཅོད་མཇུག་སྒྲིལ་དང་གྱོད་གཞི་ཁག་217ལག་བསྟར་བྱས་ནས་ཚོང་དོན་གྱི་རྩོད་གཞི་ནུས་ལྡན་ངང་སེལ་བ་དང་འགག་སྒོའི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཚོང་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་གཡས་གཞོགས་གཡོན་འདེགས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་དཔལ་འབྱོར་སྤེལ་རེས་ལ་རམ་འདེགས་བྱས་པ་རེད།

    གམ་པ་དང་། གྲོ་མོ། སྐྱིད་གྲོང་སོགས་མཐའ་མཚམས་རྫོང་དུ་ཁྲིམས་དཔོན་ཚོ་ལ་ལུང་མང་པོ་བརྒལ་ནས་འབྲོག་ཁུལ་དུ་བསྐྱོད་ཅིང་། གྱོད་གཞི་ཐག་གཅོད་བྱེད་སྐབས་རྩྭ་ར་དང་ཕྱུགས་རིགས་སོགས་མཐའ་མཚམས་མང་ཚོགས་ཀྱི་ལྟེ་བའི་ཐོན་སྐྱེད་རྒྱུ་ཆ་ལ་བསམ་གཞིག་གང་ལེགས་བྱས་ཏེ་ཁྲིམས་ལྟར་ཁྲུན་གཅོད་ནན་པོ་བྱས་པ་མ་ཟད། མང་ཚོགས་ཀྱི་གཞི་རྩའི་ཐོན་སྐྱེད་དང་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པས་མཐའ་མཚམས་གྲོང་ཚོ་དང་གྲོང་ལྷན་དུ་ཞི་མཐུན་ཉམས་བཟང་མངོན་ཡོད། སྒོ་རྩར་བསྐྱོད་ནས་གྱོད་གཞི་སྒྲུབ་པ་དང་། ས་ཡུལ་དངོས་སུ་འདུམ་འགྲིག ས་ཡུལ་དངོས་སུ་ལག་བསྟར་སོགས་གཞི་གཅིག་ཅན་གྱི་བྱེད་ཐབས་སྤྱད་དེ། འབྱུང་རྩ་ནས་ལག་བསྟར་གྱི་མངོན་མེད་རྐྱེན་ངན་སེལ་བ་དང་། མང་ཚོགས་ཀྱི་ཞུ་གཏུག་གི་དཀའ་ངལ་ཆུང་དུ་གཏོང་བ། ཁྲིམས་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་གི་ཁྲིམས་སྐྱོང་རྨང་གཞི་བརྟན་པོ་བསྐྲུན་པ་བཅས་བྱས་པ་རེད།

    སྐད་གཉིས་སྤྱད་ནས་ཁྲིམས་ལུགས་ཁྱབ་གདལ་བཏང་སྟེ་དམངས་ལ་ཕན་པ་བཏགས་པ།

    འཁོར་ཐོག་སྐོར་སྐྱོད་ཁྲིམས་ར་ནི་འགལ་ཟླ་སེལ་བའི“སྐོར་སྐྱོད་བརྟག་དཔྱད་ཁང”ཡིན་ལ། དེ་བས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱི“སྒུལ་བདེའི་འཐབ་ས”ཡང་ཡིན། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་དམངས་དོན་འདྲི་གཅོད་དིང་དང་པོའི་དིང་ཀྲང་ཚེ་རིང་ཆོས་ལྡན་གྱིས་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོར་གཞིགས་ཏེ། གྱོད་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཟུང་འབྲེལ་གྱིས་རྟག་ཏུ་བོད་རྒྱ་སྐད་རིགས་གཉིས་ཀྱི་ཐོག་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་རིམ་གྱིས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་ཐུབ་ནས་མཐའ་མཚམས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ཡོད་ཅེས་བརྗོད།

    ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དེ་མང་ཚོགས་དང་སྔར་བས་འབྲེལ་འདྲིས་དང་མི་སེམས་ལ་སྔར་བས་ཟུག་ཆེད། ཁྲིམས་ཁང་གིས་ད་དུང་བོད་རྒྱ་སྐད་རིགས་གཉིས་ཀྱི་ངལ་རྩོལ་གན་རྒྱའི་མ་དཔེ་དང་། གྲོང་གསེབ་དར་རྒྱས་ཀྱི་ཁྲིམས་སྐྱོང་ལག་དེབ། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་རི་མོ་སོགས་དགོས་མཁོ་ཆེ་བའི་དཔྱད་གཞི་ཞིབ་ཅིང་ཕྲ་བ་བཟོས་ཏེ་ཞིང་འབྲོག་པར་སྤྲད་ཡོད། ལོ་གསུམ་རིང(2023ལོའི་ཟླ་བ་དང་པོ་ནས་2025ལོའི་ཟླ་བ་བཅུ་གཉིས་བར)གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་འཁོར་ཐོག་སྐོར་སྐྱོད་ཁྲིམས་རར་བརྟེན་ཏེ་རིམ་རྩིས་བརྒྱབ་ན་ཁྲིམས་སྐྱོང་སྒྲོག་འགྲེལ་ཐེངས་1100ལྷག་ཙམ་བྱས་པ་དང་། རིགས་ཁག་གི་དྲིལ་བསྒྲགས་དཔྱད་གཞི་ཁྲི་11ལྷག་ཙམ་སྤྲད་པས་མང་ཚོགས་མི་ཐེངས་ཁྲི་31.84ལ་ཁྱབ་པ་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཕྱོགས་ཡོངས་དང་ཁུག་གསང་སྟོང་གསུམ་མ་ལུས་པར་ཁྱབ་ཡོད།

    ཡར་ཀླུང་གཙང་པོའི་འགྲམ་ངོགས་ཀྱི་ཞིང་ནང་ནས་ཇོ་མོ་གླང་མའི་འདབས་ཀྱི་ཐག་རིང་གི་གྲོང་ཚོའི་བར་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོ་ནས་རི་མཐོའི་འབྲོག་ར་དང་འཁྲུག་ཆ་དོད་པའི་མཐའ་མཚམས་འགག་སྒོའི་བར་འཁོར་ཐོག་སྐོར་སྐྱོད་ཁྲིམས་ཁང་གི་རླངས་འཁོར་གྱི་འཁོར་ཤུལ་གཞིས་རྩེའི་ས་ཕྱོགས་གང་སར་བཞག་ཡོད། ཁྲིམས་དཔོན་ཚོས་ས་མཐོར་གསོ་རླུང་དཀོན་པ་དང་། གནམ་གཤིས་ཞན་པ། ལམ་ཐག་རིང་བ་སོགས་དཀའ་གནད་མང་པོ་ཁྱད་བསད་བྱས་ཏེ་གངས་ལྗོངས་ཀྱི་ས་གཞི་ཆེ་མོའི་ཕྱོགས་མཚམས་གང་སར་བསྐྱོད་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་ཁྲིམས་འཛིན་གྱི་འགན་འཁྲི་ལག་ལེན་བསྟར་བ་དང་། སྒོ་རྩའི་འདུམ་འགྲིམ་རེ་རེ་དང་། སྐོར་སྐྱོད་འདྲི་ཞིབ་རེ་རེ། སྐད་གཉིས་ཀྱི་ཁྲིམས་ལུགས་ཁྱབ་གདལ་རེ་རེ་བཅས་བརྒྱུད་མང་ཚོགས་ཀྱི་བློ་ལ་བབས་པའི་ཁྲིམས་འཛིན་ཞབས་ཞུ་བསྒྲུབས་ནས་གངས་ལྗོངས་ཀྱི་ཡུལ་གྲུ་ཀུན་ལ་ཁྲིམས་སྐྱོང་གི་དྲོ་སྐྱིད་ཁྱབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།