རྔོན་བརྒྱབ་ནས་ཁེ་བཟང་རག་ཐབས་བྱས་པར་ཉེས་ཆད་ཕོག་པ།
—— རྣམ་གླིང་རྫོང་ཁྲིམས་ཁང་གིས་སྟོངས་ཉེའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་ལ་ཞིབ་གཅོད་བྱས་པ།

སྒྲོལ་མས་ཁྲིམས་ལུགས་བརྗོད་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཞིན་ཁྲིམས་ར་འཚོགས་ནས་ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོས་སྟོངས་ཉེའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ལ་གནོད་འཚེ་བཏང་བའི་དོགས་གཞི་ཡོད་པའི་གྱོད་གཞི་ཞིག་ལ་ཞིབ་གཅོད་བྱས་པ་རེད།
གྱོད་གཞིའི་གནས་ཚུལ།
2023ལོའི་ལོ་འགོ་ནས་2024ལོའི་ཟླ་བ་དང་པོའི་བར། ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོས་རྣམ་གླིང་རྫོང་རིན་འདུས་ཤང་རྒྱའུ་གྲོང་ཚོའི་ས་ཁོངས་སུ་རྙི་ཐེངས་མང་སྤྱད་དེ་ཁྲིམས་འགལ་ངང་གླ་བ་3བསད་པ་དང་། ཉེས་པ་བསགས་རྗེས་སྐལ་ཆེ་གེ་མོས་གླ་རྩི་བཀོག་ནས་བཙོངས་པར་ཁྲིམས་འགལ་གྱི་ཁེ་བཟང་ཁྱོན་སྒོར་19500རག་ཡོད། སི་ཁྲོན་ཤིན་ཧུའེ་ནགས་ལས་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཀྱིས་གསལ་འབྱེད་བྱས་པ་བརྒྱུད། གྱོད་གཞི་དང་འབྲེལ་བའི་གླ་ཚན་སྲོག་ཆགས་ཚང་མ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་རི་སྐྱེས་སྲོག་ཆགས་གླ་སྐྱ་ཡིན་ཞིང་། གླ་སྐྱ་གཅིག་གི་རིན་ཐང་སྒོར་30000ཟིན་པ་དང་། རིན་ཐང་བསྡོམས་འབོར་སྒོར་90000ཟིན་ཡོད་པ་རེད།
གྱོད་གཞི་ཞིབ་བཤེར་ཞུ་གཏུག་གི་དུས་མཚམས་སུ། སྐལ་ཆེ་གེ་མོས་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་ཕྱིར་བསློགས་པ་དང་འབྲེལ་རང་འགུལ་ངང་ཁོར་ཡུག་ཐོན་ཁུངས་ལ་གནོད་འཚེ་བཏང་བར་དངུལ་སྒོར་30500སྐྱིན་ཚབ་སྤྲད་ཡོད། གྱོད་གཞི་ཞིབ་གཅོད་ཀྱི་དུས་མཚམས་སུ། ཕྱོགས་གཉིས་པོས་སྐྱིན་ཚབ་གྲོན་དངུལ་ལྷག་འཕྲོ་སྤྲོད་པའི་ཐད་འདུམ་འགྲིག་གྲོས་མཐུན་བཞག་པ་རེད།
ཁྲིམས་ཁང་གི་ཞིབ་གཅོད་བྱས་འབྲས།
རྣམ་གླིང་རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》ལས་འགལ་ཏེ་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་གླ་སྐྱ་3རྔོན་བརྒྱབ་པར་གྱོད་འབྲེལ་རིན་ཐང་སྒོར་90000ཟིན་པ་དེ་བྱས་ཉེས་ཚབས་ཆེ་བའི་ཁོངས་སུ་གཏོགས་པས། དེའི་བྱེད་སྤྱོད་ལས་སྟོངས་ཉེའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ལ་གནོད་འཚེ་བཏང་བའི་བྱས་ཉེས་གྲུབ་པ་གཏན་འཁེལ་བྱུང་ཡོད། གྱོད་གཞི་ཧྲིལ་པོའི་དོན་དངོས་དང་། ནག་དངོས་ཕྱིར་སློག་དང་སྐྱིན་ཚབ་འཇལ་བ། འདུམ་འགྲིག་སོགས་བྱས་ཉེས་ཚད་འབེབས་ཀྱི་གནས་ཚུལ་ཕྱོགས་བསྡུས་བྱས་པར་གཞིགས་ནས་ཁྲིམས་ཁང་གིས་ཁྲིམས་བཞིན་ཁྲིམས་གཅོད་བྱས་པ་སྟེ། ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་བཞི་དང་དངུལ་ཆད་སྒོར་1500བཅད་ཡོད། ཉེས་གསོག་གི་ཡོ་བྱད་ཁྲིམས་བཞིན་གཞུང་བཞེས་བཏང་བ་དང་། ཁྲིམས་འགལ་གྱི་ཐོབ་ཆ་དང་སྐྱེད་འཕེལ་རྒྱལ་མཛོད་དུ་འབུལ་བ། འཇལ་ཟིན་པའི་ཁོར་ཡུག་ཐོན་ཁུངས་ལ་གནོད་འཚེ་བཏང་བའི་གསབ་དངུལ་དང་སྐྱེད་འཕེལ་འབུལ་འཇལ་བྱེད་དུ་བཅུག་པ་རེད།
དེ་དང་ཆབས་ཅིག་གྱོད་གཞི་འདིའི་ཞོར་གཏོགས་དམངས་དོན་སྤྱི་ཕན་གྱི་ཞུ་གཏུག་ཁག་གཅིག་ཁྲིམས་བཞིན་ཞིབ་གཅོད་བྱས་པ་དང་། ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོས་སྐྱེ་ཁམས་ལ་གནོད་འཚེ་བཏང་བར་དངུལ་སྒོར་59500འཇལ་དགོས་པའི་ཁྲིམས་ཐག་བཅད་པ་དང་། དངུལ་དེ་ལོ་གཉིས་ཀྱི་སྤྱི་ཕན་ངལ་རྩོལ་བྱེད་སྟངས་ཐོག་ནས་ཚབ་འཇལ་བྱེད་དགོས་པ་མ་ཟད། རྫོང་རིམ་པའི་སྨྱན་སྦྱོར་ཐོག་ནས་ཡོངས་བསྒྲགས་སུ་དགོངས་དག་ཐུགས་བདེན་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།
ཁྲིམས་དཔོན་གྱིས་ཁྲིམས་ཤོད་པ།
རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ལ་སྨན་སྤྱོད་སོགས་ཀྱི་རིན་ཐང་ལྡན་པ་དང་ཁྲིམས་འགལ་བའི་ཁེ་བཟང་རག་ཐབས་བྱེད་པའི་དམིགས་ཡུལ་ལ་འགྱུར་སླ་བས། རིགས་ཁྱུ་འཚོ་གནས་ལ་ཉེན་ཁ་ཚབས་ཆེན་བཟོ་ཡི་ཡོད། གྱོད་གཞི་འདིའི་ནང་། ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྣང་མེད་དུ་བཏང་ནས་ཁེ་བཟང་རག་ཆེད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གླ་སྐྱ་ཁྲིམས་འགལ་ངང་རྔོན་བརྒྱབ་སྟེ་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བས། ཁྲིམས་བཞིན་ཆད་པ་ནན་པོ་གཅོད་དགོས། ཁྲིམས་ཁང་གིས་ཁྲིམས་བཞིན་བྱས་ཉེས་གཏན་འཁེལ་དང་ཚད་འབེབས་བྱེད་པ་དང་ཆབས་ཅིག སྤྱི་ཕན་ངལ་རྩོལ་ཚབ་འཇལ་ལམ་སྲོལ་གསར་གཏོད་ལྡན་པའི་ངང་སྤྱད་དེ་ཞུ་སྦྱོར་ཕྱི་མར་སྐྱེ་ཁམས་སླར་གསོའི་འགན་འཁྲི་ནན་པོ་འཁུར་དུ་བཅུག་པས། བཅའ་ཁྲིམས་ཀྱི་ཆད་གཅོད་བསླབ་འདོམས་དང་སྐྱེ་ཁམས་སྲུང་སྐྱོང་གཅིག་གྱུར་དམ་ཟབ་བྱུང་ཡོད་པ་རེད།
རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་ནི་སྐྱེ་ཁམས་མ་ལག་བརྟན་པོ་ཡོང་བར་སྲུང་སྐྱོང་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་དེ་བས་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།