དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཡུལ་སྐོར་བའི་རླངས་འཁོར་གྱི་ལྡེ་མིག་བརླག་པས་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་འཚོལ་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-26

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་རྒྱལ་མཁར་ལྟེ་བའི་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ལ་རླངས་འཁོར་བཏང་ནས་གཏིང་སྐྱེས་རྫོང་ཁོངས་གཏོགས་ཁུལ་བརྒྱུད་སྐབས་ཡིད་གཟབ་མ་བྱས་རྐྱེན་རླངས་འཁོར་གྱི་ལྡེ་མིག་བརླག་སོང་བས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་འཚོལ་རོགས་ཞེས་ཡུལ་སྐོར་བ་ཞིག་གི་རོགས་སྐྱོར་རེ་ཞུ་འབྱོར་བ་རེད།

    རོགས་སྐྱོར་རེ་ཞུ་འབྱོར་རྗེས། ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས“མང་ཚོགས་ཀྱི་བྱ་བ་ནི་དོན་ཆུང་མིན་པའི”ལས་ཀའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་འཕྲལ་མ་ཉིད་དུ་ས་ཡུལ་དངོས་སུ་ཐག་གཅོད་བྱེད་པར་བསྐྱོད། སྐད་ཆ་དྲིས་པ་བརྒྱུད། ཡུལ་སྐོར་བ་དེ་གཏིང་སྐྱེས་རྫོང་ལམ་རྒྱུད་ཀྱི་མཛེས་ལྗོངས་ལ་པར་རྒྱག་པར་བསྐྱོད་པ་དང་། དེ་རྗེས་རླངས་འཁོར་བཏང་ནས་འགྲོ་རྩིས་བྱེད་སྐབས་རླངས་འཁོར་གྱི་ལྡེ་མིག་གར་སོང་ཆ་མེད་དུ་གྱུར་པ་ཤེས། བསམ་བློ་ཡང་ཡང་བཏང་བ་བརྒྱུད། ལྡེ་མིག་ཕལ་ཆེར་དེ་གོང་སྐྱོད་སའི་སྤྱི་ལེ་བརྒྱད་ནང་ཚུན་གྱི་ལམ་དུམ་དུ་ལུས་པ་གཏན་འཁེལ་བྱུང་བ་རེད།

    ཡུལ་སྐོར་བ་དེ་ས་ཆ་གཞན་དུ་གནས་པ་དང་ད་ལྟ་འགྲོ་རན་པས། རླངས་འཁོར་གྱི་ལྡེ་མིག་བརླག་པ་དེས་རྗེས་མཐུད་ཀྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། དེར་བརྟེན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་འཕྲལ་མར་ཡུལ་སྐོར་བ་བསྐྱོད་མྱོང་བའི་ལམ་ཐིག་གཞིར་བཟུང་ལམ་དུམ་རེ་རེ་བཞིན་ལ་གྲལ་བཤེར་འཚོལ་ཞིབ་བྱེད་འགོ་ཚུགས། ཡུལ་སྐོར་བའི་གཞོགས་འདེགས་འོག་ནུས་ཤུགས་ཡོད་རྒུས་བཙལ་བ་བརྒྱུད། མཐར་རྒྱལ་ལམ་219ཡི་རོང་གོང་གྲོང་ཚོ་ནས་རྫོང་སྣུམ་སྣོན་ས་ཚིགས་ཕྱོགས་སུ་བསྐྱོད་སའི་ལམ་ཟུར་ནས་རླངས་འཁོར་གྱི་ལྡེ་མིག་རྙེད་པ་རེད།

    མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་ལྡེ་མིག་རྙེད་རྗེས་འཕྲལ་མ་ཉིད་དུ་ཡུལ་སྐོར་བར་སྤྲད་པ་དང་འབྲེལ། ཡུལ་སྐོར་བར་ཕྱིར་སྐྱོད་སྐབས་ལག་ཐོགས་ཁ་པར་དང་། དངུལ་ཁུག ལྡེ་མིག་སོགས་ལུས་ཐོག་གི་དངོས་པོ་ཉར་ཚགས་ཡག་པོ་བྱས་ནས་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། དངོས་པོ་བརླག་པའི་རྐྱེན་ལས་འགྲོ་སྐྱོད་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས་པའི་དྲན་སྐུལ་ཡག་པོ་བྱས་པ་རེད།

    སྤྱིར་བཏང་གི་བྱ་བ་ཆུང་ཙག་ཅིག་ལ་བརྟེན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དངོས་འབྲེལ་ཐག་གཅོད་བྱས་ཏེ། འགྲུལ་པའི་ཕྱིར་སྐྱོད་ཀྱི་དཀའ་ངལ་བསལ་བ་མ་ཟད། ཉེན་རྟོག་པ་དང་མང་ཚོགས་ཀྱི་འབྲེལ་བ་ཡང་སྔར་བས་ཟབ་ཏུ་བཏང་སྟེ། གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གསོན་ཉམས་དོད་པོས་མངོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།