ཡུལ་སྐོར་ལམ་ཐིག་གི་ས་བཀྲ་ཞིག་ལས་ཐོན་པའི་རྩོད་གཞི།
—— ལི་ཆེ་གེ་མོས་དཔལ་འབྱོར་གྱི་གྱོང་གུན་སོགས་སྒོར་309800འཇལ་བ།

སྒྲོལ་མས་ཁྲིམས་ལུགས་བརྗོད་པ།
གྱོད་གཞིའི་གནས་ཚུལ།
2007ལོར་ཀྲུའུ་ཆེ་གེ་མོས། 《ས་ཆ་ག་གེ་མོར་ཡུལ་སྐོར་བྱེད་པའི་ལམ་ཐིག་ས་བཀྲ་ཧྲིལ་པོ》ཇུས་འགོད་ཞིབ་ཚགས་བྱས་པ་དང་། ས་བཀྲ་འདི་ཀྲུའུ་ཆེ་མོར་མིང་འགོད་དབང་ཡོད་མོད། འོན་ཀྱང་དེའི་རྩོམ་དབང་སྤྲོ་སྐྱིད་ཁང་ག་གེ་མོར་དབང་ཡོད། 2013ལོར་དོ་བདག་ལི་ཆེ་གེ་མོས་སྔ་རྗེས་སུ《ས་ཆ་ག་གེ་མོར་ཡུལ་སྐོར་བྱེད་པའི་ལམ་ཐིག་ས་བཀྲ་ཧྲིལ་པོ》འགྲེམ་སྤེལ་བྱས་པ་རེད། ས་བཀྲ་གཉིས་ཀྱི་ཡུལ་སྐོར་ལམ་ཐིག་དང་མཛེས་ལྗོངས་ཀྱི་ཟུར་མཆན་གང་ཡིན་རུང་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། སྤྱིའི་ཇུས་འགོད་ཀྱི་ཁྱད་ཆོས་ཀྱང་དཔར་མ་གཅིག་ལས་བརྐོས་བརྒྱབ་པ་དང་འདྲ་བར་ས་བཀྲ་གཉིས་ཀྱི་ནོར་སའང་གཅིག་པ་གཅིག་ཀྱང་ཡིན་པ་རེད།
2023ལོར་སྤྲོ་སྐྱིད་ཁང་ག་གེ་མོ་དང་ཀྲུའུ་ཆེ་གེ་མོས་གནས་ཚུལ་ཤེས་རྗེས། ལི་ཆེ་གེ་མོ་ཁྲིམས་ལ་སྦྱར་ནས་ལི་ཆེ་གེ་མོས་དབང་གནོད་མཚམས་འཇོག་དང་ཡོངས་བསྒྲགས་སུ་དགོངས་དག་ཐུགས་བདེན་ཞུ་དགོས་པ་དང་འབྲེལ། དཔལ་འབྱོར་གྱི་གྱོང་གུན་དང་ཁེ་དབང་སྲུང་སྐྱོང་འགྲོ་གྲོན་གསབ་དགོས་པའི་རེ་བ་བཏོན།
ཁྲིམས་ཁང་གི་འདྲི་ཞིབ།
ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ལམ་ཐིག་ནི་སྤྱི་པའི་ཆ་འཕྲིན་མིན་ནམ་ཞེས་མི་ཁག་གཅིག་གིས་དེ་ལྟར་འདྲི་སྲིད། དེ་འདྲ་རེད། འོན་ཀྱང་གྱོད་གཞི་དེའི་ནང་གི《ས་ཆ་ག་གེ་མོར་ཡུལ་སྐོར་བྱེད་པའི་ལམ་ཐིག་ས་བཀྲ་ཧྲིལ་པོ》ཞེས་པ་ནི་སྟབས་བདེའི་ལམ་སྟོན་ས་བཀྲ་ཞིག་མིན། དེ་ནི་ཀྲུའུ་ཆེ་གེ་མོས་གསར་རྩོམ་བྱེད་སྐབས་ཡུལ་སྐོར་ལམ་ཐིག་ལ་ཇུས་འགོད་དམིགས་བསལ་བྱས་པ་ཞིག་ཡིན་པ་མ་ཟད། ད་དུང་མཛེས་ལྗོངས་ཁུལ་ལ་ཞིབ་ཕྲའི་གསལ་བཤད་བྱས་ནས་མ་རྩོམ་གྱི་ལག་བྲིས་དང་པར་རིས་ཁ་སྣོན་བྱས་ཡོད་པས། དེར་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་ལྡན་སྟབས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩོམ་དབང་བཅའ་ཁྲིམས》 ཀྱི་སྲུང་སྐྱོབ་ཐོབ་ཀྱི་ཡོད། དེས་མ་ཚད་ས་བཀྲ་གཉིས་ཀྱི་མཐོང་ཚོར་གྱི་ཕན་འབྲས་ཚད་མཐོའི་གཅིག་མཐུན་ཡིན་པ་མ་ཟད། དང་ཐོག་མའི་ནོར་འཁྲུལ་ཤོར་སའང་གཅིག་མཚུངས་ཡིན་པས་དེ་ནི་སྐབས་འཁེལ་བ་ཞིག་གཏན་ནས་མིན།
ཁྲིམས་ཁང་གིས་ཞིབ་གཅོད་བྱས་རྗེས། ལི་ཆེ་གེ་མོས་ཆོག་མཆན་མ་ཐོབ་པར་རང་དགར་འདྲ་བཟོ་དང་སྒྱུར་བཟོ་བྱས་པ་དང་འབྲེལ་ཁེ་སྤོགས་བླངས་པ་དེ་ནི་སྤྲོ་སྐྱིད་ཁང་གི་རྩོམ་དབང་ལ་བཙན་གནོད་བཏང་བ་ཞིག་དང་། ཀྲུའུ་ཆེ་གེ་མོའི་མིང་འགོད་ཁེ་དབང་ལ་གནོད་སྐྱོན་བཏང་བ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། མཐར་ཁྲིམས་ཁང་གིས་ལི་ཆེ་གེ་མོས་སྤྲོ་སྐྱིད་ཁང་དང་ཀྲུའུ་ཆེ་གེ་མོར་ཡོངས་བསྒྲགས་སུ་དགོངས་དག་ཐུགས་བདེན་ཞུ་དགོས་པ་མ་ཟད། དཔལ་འབྱོར་གྱོང་གུན་དང་ལུགས་མཐུན་གྱི་འགྲོ་གྲོན་བསྡོམས་སྒོར་309800སྐྱིན་ཚབ་འཇལ་དགོས་པའི་ཐག་བཅད།
ཁྲིམས་དཔོན་གྱིས་ཁྲིམས་ཤོད་པ།
རྩོམ་དབང་སྲུང་སྐྱོང་ནི་གསར་གཏོད་ལ་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། འོན་ཀྱང་དོན་དངོས་ཐོག་མི་མང་པོས་རྩོམ་དབང་ལ་གོ་ལོག་ཐེབས་ཀྱི་ཡོད། ཁྲིམས་དཔོན་གྱིས་རྒྱུན་མཐོང་གི་གནས་ཚུལ་འགའ་ངོ་སྤྲོད་བྱས་པ་སྟེ།
“སྤྱི་པའི་ཆ་འཕྲིན་གང་བྱུང་དུ་སྤྱོད་པའི”ཐད་ཀྱི་གོ་བ་ལོག་འཁྲུལ། མི་མང་པོ་ཞིག་གིས་མཛེས་ལྗོངས་ཁུལ་དང་ལམ་ཐིག་ཡོངས་བསྒྲགས་བྱས་ཡོད་པས་དེ་ནི་རང་དགར་ལེན་པ་དང་། སྤྱོད་པ། ཁྱབ་སྤེལ་བཅས་བྱེད་ཆོག་པ་དང་ཐ་ན་ཁེ་སྤོགས་ལེན་པར་སྤྱོད་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་སྤྱི་པའི་ཆ་འཕྲིན་དེ་ཉིད་ལ་སྲུང་སྐྱོང་ཐོབ་མེད་ཀྱང་ཆ་འཕྲིན་དེ་དག་གི“དམིགས་བསལ་སྒྲིག་བཟོ་དང་། གདམ་གསེས། ཇུས་འགོད”བཅས་ལ་སྲུང་སྐྱོབ་ཐུབ་ཀྱི་ཡོད་པར་དོ་སྣང་བྱེད་དགོས།
“རྣམ་པ་དང་ངོ་བོ་བསྒྱུར་ཚེ་བཤུས་པ་ཞིག་མིན་པར་བརྩི་བའི”གོ་བ་ལོག་འཁྲུལ། མི་ལ་ལའི་སྣང་བར་ངས་ཚོས་གཞི་བརྗེས་པ་དང་པར་གཞི་བསྒྱུར་བས་བཤུས་པར་བརྩི་མི་རུང་སྙམ་གྱི་ཡོད། དོན་དངོས་སུ་ཁྲིམས་ལུགས་ཀྱི་ངོས་ནས་བཤད་ན“ངོ་བོའི་རང་བཞིན་གྱི་འདྲ་མཚུངས”ཡིན་པ་དང་། ལྷག་པར་དུ་གྱོད་གཞི་འདིའི་ཁྲོད་ཀྱི་ནོར་འཁྲུལ་ཀྱང་གཅིག་པ་ཡིན་པ་ནི་སྒལ་རལ་བཤད་དཀའ་བ་ཞིག་རེད།
“མིང་བསྒྱུར་ཚེ་ངའི་ཡིན་སྙམ་པའི”གོ་བ་ལོག་འཁྲུལ། རྩོམ་དབང་ནང་མི་ལུས་དབང་ཆ་དང་རྒྱུ་ནོར་བདག་དབང་ཚུད་ཡོད། མིང་འགོད་དབང་ནི་མི་ལུས་དབང་ཆ་ཡིན། གསར་གཏོད་མཁན་གྱི་རི་མོ་སྤྱད་ནས་ད་དུང་རྩོམ་པ་པོའི་མིང་བསྒྱུར་བ་དེ་ནི་གསར་གཏོད་མཁན་ལ་བརྩི་འཇོག་གཏན་ནས་མ་བྱས་པ་ཞིག་རེད། གལ་ཏེ་འདི་ལ་བརྟེན་ནས་ཁེ་སྤོགས་བླངས་ན་དུས་མཚུངས་སུ་རྩོམ་དབང་བའི་རྒྱུ་ནོར་དབང་ཆར་གནོད་སྐྱོན་བཏང་ཡོད།
བཅའ་ཁྲིམས་ཀྱི་དོན་ཚན།
《རྩོམ་དབང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་གསུམ་པའི་ནང་། བརྩམས་ཆོས་ཞེས་པ་ནི་རྩོམ་རིག་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་ཁྱབ་ཁོངས་སུ་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་ལྡན་པ་མ་ཟད་རྣམ་པ་ངེས་ཅན་ཞིག་གི་ཐོག་ནས་མཚོན་ཐུབ་པའི་རིག་སྟོབས་ཀྱི་གྲུབ་འབྲས་ལ་ཟེར།
དོན་ཚན་བཅུ་པའི་རྩོམ་དབང་ནང་མི་ལུས་དབང་ཆ་དང་རྒྱུ་ནོར་བདག་དབང་ཚུད་ཡོད་པ་གཤམ་གསལ་ཏེ། (གཉིས)མིང་འགོད་དབང་སྟེ་རྩོམ་པ་པོའི་ཐོབ་ཐང་གསལ་སྟོན་གྱིས་བརྩམས་ཆོས་ཐོག་རང་མིང་འགོད་དབང་དང་། (ལྔ)འདྲ་བཟོས་བྱེད་དབང་སྟེ་པར་སྐྲུན་དང་། བསྐྱར་དཔར། ངོ་བཤུས། སྒྲ་ཕབ། བརྙན་འབེབས། བསྐྱར་པར། གྲངས་འཛིན་ཅན་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་བརྩམས་ཆོས་གཅིག་གམ་མང་པོ་བཟོ་བའི་དབང་ཆ། (དྲུག)འགྲེམས་སྤེལ་བྱེད་དབང་སྟེ་བརྩམས་ཆོས་ཀྱི་མ་རྩོམ་མམ་ཡང་ན་འདྲ་བཟོས་དངོས་པོ་འཚོང་བའམ་ཡང་ན་གཞན་ལ་འབུལ་བའི་བྱ་ཐབས་ལ་བརྟེན་ནས་སྤྱི་དམངས་ལ་མཁོ་འདོན་བྱེད་པའི་དབང་ཆ། (བཅུ་བཞི)བསྐྱར་རྩོམ་བྱེད་དབང་སྟེ་བརྩམས་ཆོས་ལ་བཟོ་བཅོས་བརྒྱབ་ནས་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་ལྡན་པའི་བརྩམས་ཆོས་གསར་པའི་གསར་རྩོམ་བྱེད་དབང་བཅས་ཚུད་ཡོད།
དོན་ཚན་ང་བཞི་པའི་རྩོམ་དབང་ངམ་ཡང་ན་རྩོམ་དབང་དང་འབྲེལ་བ་ཡོད་པའི་དབང་ཆར་བཙན་གནོད་བྱས་ཚེ། ཁེ་དབང་བདག་པོར་བཟོས་པའི་གྱོང་གུན་དངོས་སམ་ཡང་ན་དབང་ཆར་གནོད་སྐྱོན་གཏོང་མཁན་གྱི་ཁྲིམས་འགལ་ཐོབ་ཆ་ཇི་བྱུང་ལ་གཞིགས་ནས་དབང་ཆར་གནོད་སྐྱོན་གཏོང་མཁན་གྱིས་སྐྱིན་ཚབ་སྤྲོད་དགོས་པ་དང་། ཁེ་དབང་བའི་གྱོང་གུན་དངོས་སམ་དབང་ཆར་གནོད་སྐྱོན་གཏོང་མཁན་གྱི་ཁྲིམས་འགལ་ཐོབ་ཆ་ཇི་བྱུང་བརྩི་ཁག་པོ་བྱུང་ན། ཁེ་དབང་བེད་སྤྱོད་བྱེད་དངུལ་དེར་གཞིགས་ནས་སྐྱིན་ཚབ་འཇལ་ཆོག རྩོམ་དབང་ངམ་ཡང་ན་རྩོམ་དབང་དང་འབྲེལ་བ་ཡོད་པའི་ཁེ་དབང་ལ་རྐང་བཙུགས་ནས་བཙན་གནོད་བྱས་པའི་ཉེས་ཚབས་ཆེ་རིགས་ལ་གོང་གསལ་བྱེད་ཐབས་ལྟར་དངུལ་འབོར་གྱི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་སྐྱིན་ཚབ་སྤྲོད་ཆོག
ཁེ་དབང་བདག་པོའི་གྱོང་གུན་དངོས་དང་། དབང་ཆར་གནོད་འཚེ་གཏོང་མཁན་གྱི་ཁྲིམས་འགལ་གྱི་ཐོབ་ཆ། ཁེ་དབང་སྤྱོད་པའི་གྲོན་དངུལ་བཅས་བརྩི་ཁག་པོ་བྱུང་ན། མི་དམངས་ཁྲིམས་ཁང་གིས་དབང་ཆར་གནོད་སྐྱོན་བཏང་བའི་བྱས་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་སྒོར་ལྔ་བརྒྱ་ཡན་ནས་ཁྲི་ལྔ་བརྒྱ་མན་གྱི་སྐྱིན་ཚབ་སྤྲོད་རྒྱུའི་ཁྲིམས་ཐག་གཅོད་རྒྱུ་རེད།
སྐྱིན་གསབ་དངུལ་འབོར་ནང་ད་དུང་ཁེ་དབང་བདག་པོས་དབང་གནོད་བྱེད་སྤྱོད་བཀག་འགོག་བྱ་ཆེད་སྤྲད་པའི་ལུགས་མཐུན་གྱི་འགྲོ་སོང་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།