ས་མཐོའི་གནའ་གྲོང་དུ་ཁྲིམས་གཞུང་ཁྱབ་གདལ་བཏང་ནས་དམངས་སེམས་ཀྱི་ཞིང་ས་བརླན་པར་བྱས།
ལྷ་ས་གྲོང་ཁྱེར་གྱི་2026ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་བའི་མྱུར་བྲིས།
དབྱར་ཟླ་ལྔ་པའི་ལྷ་སར་ཉི་འོད་རབ་ཏུ་འཕྲོ་ཞིང་ཁྲིམས་གཞུང་གིས་དམངས་སེམས་ཀྱི་ཞིང་ས་བརླན་པར་བྱས་། ཟླ་5ཚེས་13ཉིན། ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་ཁྲེང་ཀོན་ཆུས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་དང་མཉམ་དུ་གཙོ་གཉེར་བྱས་པའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་ཐེངས་དྲུག་པའི་འགོ་ཚུགས་མཛད་སྒོ་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
ཉིན་དགུང་གི་མཚམས་སུ། ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་ཚན་པ་30ལྷག་ཙམ་གྱི་དྲིལ་བསྒྲགས་པ་དེ་གར་ཡོང་སྟེ་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་དཔྱད་གཞིའི་ཡིག་ཆ་སྤྲོད་བཞིན་ཡོད། གར་སྟེགས་ཀྱི་གཞོགས་གཉིས་སུ་ཚན་པ་ཁག་གི་དྲིལ་བསྒྲགས་འགྲེམས་གནས་གྲལ་སྟར་འགྲིག་པོར་སྒྲིག་པ་དང་འཅའ་ཁྲིམས་བློ་འདྲིའི་སྟེགས་བུ་དང་། བཅའ་ཁྲིམས་ཁྱབ་གདལ་དཔྱད་གཞིའི་ཡིག་ཆ། ཁྲིམས་སྐྱོང་ལག་རྟགས་ཆུང་ངུ་བཅས་གང་དགོས་དེ་འཛོམས་བསྒྲིགས་ནས་འགྲོ་འོང་བྱེད་མཁན་གྲོང་མི་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།
ལྟད་མོ་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་གྱི་བར་གསེང་དུ་གསོན་ཉམས་དོད་ལ་དགོད་བྲོ་བའི་དམངས་དོན་ཁྲིམས་གཞུང་གི་བྱ་དགའ་ཡོད་པའི་འདྲི་བ་དྲིས་ལན་གྱི་བྱེད་སྒོ་སྤེལ་བས་དེ་གའི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་སོང་།
གཞི་རིམ་གྱི་བཅའ་ཁྲིམས་ལས་དོན་པ་དང་མང་ཚོགས་འཁྲབ་སྟོན་པས་རང་རྩོམ་རང་འཁྲབ་བྱས་པའི་འཁྲབ་ཚན་ཐུང་གྲས《འབྲི་གཡག་གི་རྩོད་གཞི་ལས་བརྩེ་སེམས་མངོན》ཞེས་པར་ཁྱིམ་མཚེས་དབར་གྱི་རྩོད་གཞིའི་གནས་ཚུལ་དངོས་བརྗོད་བྱར་བྱས་ཏེ་འབྲོག་པ་ནོར་བུར་དངུལ་འཕྲལ་མཁོ་ཆེ་བའི་རྐྱེན་གྱིས་འབྲི་གཡག་གཏའ་མར་འཇོག་དགོས་བྱུང་བ་དང་བུན་བདག་པ་སངས་ཀྱིས་དངུལ་གཡར་བའི་གན་རྒྱ་ལྟར་འབྲི་གཡག་ལེན་པར་ཡོང་བ་ལས་བྱུང་བའི་གཏམ་རྒྱུད་རབ་དང་རིམ་པ་གླེང་ཡོད།
འཁྲབ་སྟོན་པ་ཚོས་ཆོབ་ཚ་བའི་སྐད་ཆ་དང་གསོན་ཉམས་དོད་པའི་འཁྲབ་སྟོན་ལ་བརྟེན་ནས་དམངས་དོན་ཁྲིམས་གཞུང་ཁྲོད་ཀྱི“གཏའ་འཇོག་གན་རྒྱའི”བཅའ་ཁྲིམས་ཤེས་བྱའི་སྐོར་གོ་བདེ་བའི་སྒོ་ནས་འཁྲབ་སྟོན་བྱས་པ་རེད།
མ་གཞི་གར་སྟེགས་སྟེང་གི་ལྟད་མོ་ཆེ་བའི་འཁྲབ་སྟོན་མཇུག་འགྲིལ་མོད། འོན་ཀྱང་ས་གནས་ས་ཐོག་གི་མང་ཚོགས་ཀྱི་སྤྲོ་སེམས་ཕྲན་ཙམ་ཡང་ཆག་མེད། ཚང་མས་ཐང་ཆེན་གཞོགས་གཉིས་ཀྱི་དྲིལ་བསྒྲགས་འགྲེམས་ཁུལ་དུ་འོང་ནས་བྱེད་སྒོ་དེ“གར་སྟེགས་སྟེང་འཁྲབ་པ”ནས“གར་སྟེགས་གཤམ་དུ་འདྲི་བའི”བར་རྒྱུན་མཐུད་ཡོད།
དྲིལ་བསྒྲགས་འགྲེམས་གནས་30ལྷག་ཙམ་གྱི་མདུན་དུ་མི་ཚོགས་ཀྱིས་ཁེངས་པ་དང་ཚན་པ་ཁག་གིས་རང་ངོས་ཀྱི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ། གཉེན་སྒྲིག་ཁྱིམ་ཚང་། ངལ་རྩོལ་འགན་སྲུང་། གློག་འཕྲིན་ཁ་བསླུས་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་རེ་རེ་བཞིན་ཁྱབ་གདལ་བཏང་བ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དྲིལ་བསྒྲགས་འགྲེམས་གནས་མདུན་དུ་མི་དམངས་ཉེན་རྟོག་པས་དཔེ་མཚོན་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ལ་རྒྱལ་ཁབ་ཀྱི་གློག་འཕྲིན་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ལྟེ་གནས་ཀྱི་APPཕབ་ལེན་བྱེད་སྟངས་བསླབ་པ་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ངང་རྒྱུད་རིང་པོས་བགྲེས་སོང་ཞིག་ལ་ཁང་པ་ཤུལ་འཛིན་སྐོར་གྱི་དོགས་གནད་འགྲེལ་བཤད་རྒྱག་པ། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་གསར་དུ་བཏོན་པའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་གསལ་འགྲེལ་ལག་དེབ་སྤྲོད་པ། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགྲེམས་གནས་ཐོག་བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་ལ་དམིགས་ནས་སྐད་གཉིས་པར་མའི་བཅའ་ཁྲིམས་ཁྱབ་གདལ་གྱི་ལྟེབ་ཤོག་སྤྲོད་བཞིན་ཡོད་པ་རེད། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་དང་སྨན་བཅོས་འགན་བཅོལ་ཅུས་སོགས་ཀྱི་འགྲེམས་གནས་མདུན་དུ་དེ་དང་འདྲ་བར་བློ་འདྲི་བྱེད་མཁན་གྱིས་ཁེངས་པ་དང་ལས་དོན་པས་རེ་རེ་བཞིན་ངང་རྒྱུད་རིང་པོས་ལན་འདེབས་བཞིན་འདུག
ཉི་མ་བཞུད་པ་དང་བསྟུན་ནས་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་མི་ཚོགས་ཀྱང་རིམ་བཞིན་ཉུང་དུ་ཕྱིན་མོད། འོན་ཀྱང་ས་མཐོའི་གནའ་གྲོང་དེར་ཁྲིམས་སྐྱོང་གི་རྩ་བ་ཚུགས་ཡོད། འཁྲབ་སྟོན་ནང་ཞུགས་པའི་གཞི་རིམ་བཅའ་ཁྲིམས་ལས་དོན་པ་ཞིག་གིས“ང་ཚོས་བཅའ་ཁྲིམས་གྱི་ནང་དོན་དག་འཁྲབ་སྟོན་ནང་བཅུག་པ་དང་ཉེ་འགྲམ་གྱི་བྱ་བ་འཁྲབ་སྟོན་བྱས་སྟབས་མང་ཚོགས་ཚོས་དགོད་སྒྲའི་ཁྲོད་ནས་བཅའ་ཁྲིམས་ཤེས་པ་དང་བློ་ལ་ངེས་ཐུབ་པས། དེ་ནི་བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་ཡག་ཤོས་རེད”ཅེས་མྱོང་ཚོར་ཟབ་མོས་བཤད།
འབྲེལ་ཡོད་གསར་འགྱུར།