བོད་ཀྱིས“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
2026ལོའི་ཟླ་ལྔ་པ་ནི་རང་རྒྱལ་གྱི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་དྲུག་པ་རེད། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་2026ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོའི་ཇུས་གཞི》བཀྲམ་ནས། བོད་དུ་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ད་ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་བཀོད་སྒྲིག་བླང་བྱ། དམངས་དོན་ཁྲིམས་གཞུང་དང་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་། དེ་བཞིན་ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལ་དམིགས་ཡོད། བྱེད་སྒོ་འདི་ཟླ་5ཚེས་6ཉིན་ནས་ཟླ་6ཚེས་5ཉིན་བར་སྤེལ་རྒྱུ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་རང་རང་གི་དོན་དངོས་དང་ཟུང་འབྲེལ་གྱིས་སྣུར་སྲིང་འོས་འཚམ་བྱས་ན་འགྲིག་གི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་། འགོ་ཁྲིད་ལས་བྱེད་པའི་ཆེད་དོན་ཁྲིམས་སྐྱོང་འཆད་ཁྲིད་དང་དེ་བཞིན“དམངས་དོན་ཁྲིམས་གཞུང་དང་མཛེས་སྡུག་ལྡན་པའི་འཚོ་བ”ཞེས་པའི་དཔེ་མཚོན་གྱོད་དཔེའི་བཞུགས་མོལ་ཚོགས་འདུ་འཚོག་རྒྱུ་རེད། དེ་དང་ཆབས་ཅིག “དམངས་དོན་ཁྲིམས་གཞུང+”ཀྱི་ཆེད་དོན་བྱེད་སྒོ་དང་དྲ་ཐོག་དང་དྲ་ཕྱིའི་མཉམ་འདྲེས་དྲིལ་བསྒྲགས་བྱེད་སྒོ་སོགས་སྤེལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།