དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • མངའ་རིས་ས་ཁུལ་རུ་ཐོག་རྫོང་སྤྱི་བདེ་ཅུས་ཀྱིས།

    འབྲེལ་ཆད་མི་སྣ་ཞིག་བདེ་བླག་ངང་བསྐྱབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-12

    ཉེ་ཆར། མངའ་རིས་ས་ཁུལ་རུ་ཐོག་རྫོང་སྤྱི་བདེ་ཅུས་གསང་འཕྲིན་བཀོད་གཏོང་ལྟེ་གནས་སུ་སྐྱེས་པ་ཞིག་དང་འབྲེལ་བ་ཆད་པ་མ་ཟད། རང་སྲོག་ལྕེབས་པའི་ཉེན་ཁ་ཡང་ཡོད་པའི་མང་ཚོགས་ཀྱི་ཉེན་བརྡའི་ཁ་པར་ཞིག་འབྱོར། གསང་འཕྲིན་ལྟེ་གནས་ཀྱིས་འཕྲལ་མར་གཞི་གཅིག་ཅན་གྱི་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་སྤེལ་འགོ་ཚུགས་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཚེ་སྲོག་སྐྱོབ་པའི་ཛ་དྲག་ལས་དོན་གང་མགྱོགས་སྤེལ་བ་རེད།

    རུ་ཐོག་རྫོང་སྤྱི་བདེ་ཅུས་གསང་འཕྲིན་བཀོད་གཏོང་ལྟེ་གནས་ཀྱིས་འབྲེལ་ཆད་མི་སྣའི་འགུལ་སྐྱོད་གནས་ཚུལ་ལ་གནད་སྨིན་ཞིབ་འཇུག་བྱས་ནས་བརྡར་ཤ་བཅད་པ་དང་དུས་མཚུངས་ཁོངས་གཏོགས་ས་ཆའི་རུ་ཐོག་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་དང་། མཚོ་མོ་ངང་ལྷ་རིང་མོའི་མཐའ་མཚམས་མངགས་གཏོང་ཁང་། ཞིང་དར་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་ནས་མཉམ་འགུལ་ཉེན་རྟོག་པ་མངགས་ཏེ་མཉམ་དུ་འཚོལ་ཞིབ་བྱེད་དགོས་པའི་བཀའ་བཏང་། འཚོལ་སྐྱོབ་ཉེན་རྟོག་པས་གསང་འཕྲིན་བཀོད་གཏོང་ལྟེ་གནས་ཀྱིས་དུས་ངེས་མེད་དུ་བསྐུར་བའི་གནས་ཡུལ་གྱི་ཁུངས་སྣེར་གཞིགས་པ་དང་། ས་ཆ་དངོས་སུ་ཞིབ་འཇུག་དང་བརྡར་ཤ་གང་མགྱོགས་བཅད་པ་མ་ཟད། འཚོལ་བཤེར་གྱི་ཁྱབ་ཁོངས་རྒྱུན་མཐུད་ཆུང་དུ་བཏང་བས་འབྲེལ་ཆད་མི་སྣ་བདེ་བླག་ངང་རྙེད་པ་རེད།

    ས་ཆ་དངོས་སུ་ཞིབ་བཤེར་བྱས་པ་ལྟར་ན། མི་དེའི་ལུས་གང་གི་གྱོན་གོས་རློན་པ་ཡིན་པ་དང་། རྐང་ལག་འཁྱགས་སྦོས་ཐེབས་པ། བསམ་པའི་འཁྱེར་སོ་ཡག་པོ་མེད་པ་མ་ཟད། ལུད་དྲོད་ཤོར་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་འཕྲལ་དུ་དྲོ་ཇུས་བྱས་པ་དང་སེམས་གསོ་བཏང་སྟེ་རུ་ཐོག་རྫོང་མི་དམངས་སྨན་ཁང་དུ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཆེད་ལས་སྐྱོབ་བཅོས་བྱེད་པར་བསྐྱལ་བ་དང་། ཁོང་གི་ཚེ་སྲོག་ལ་ཉེན་ཁ་མེད་པའི་བར་དུ་རོགས་རམ་དང་ལྟ་སྐྱོང་བྱས་པ་རེད།

    ད་ཐེངས་ཛ་དྲག་རོགས་སྐྱོབ་བྱེད་སྐབས་རུ་ཐོག་སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཆེའི་བཀོད་འདོམས་དང་། མགྱོགས་མྱུར་བརྡ་ལན། ཉེན་རྟོག་པ་མང་པོ་མཉམ་འགུལ་བཅས་ཀྱི་བྱ་ཐབས་སྤྱད་ནས་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་ཁོར་ཡུག་ཁྲོད་དུ་ཚེ་སྲོག་གཅིག་བདེ་བླག་ངང་བསྐྱབས་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས“མི་དམངས་སྤྱི་བདེས་མི་དམངས་ཀྱི་ཆེད་དུ”ཞེས་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།