མིང་གཡར་དངུལ་བསྐྱིས་རླངས་འཁོར་ཉོས། བུ་ལོན་མ་འཕྲོད་ཁྲིམས་ལ་སྦྱར།
—— རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་གིས་མིང་གཡར་ནས་དངུལ་བུན་བསྐྱིས་ཏེ་རླངས་འཁོར་ཉོས་པའི་གྱོད་གཞི་ཞིག་འདྲི་ཞིབ་བྱས་པ།
ཉེ་ཆར། རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་འདྲི་ཞིབ་བྱས་པ་དང་འབྲེལ་འདུམ་འགྲིག་གི་ལམ་ནས་མིང་གཡར་ནས་དངུལ་བུན་བསྐྱིས་ཏེ་རླངས་འཁོར་ཉོས་པ་ལས་བྱུང་བའི་དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་གྱི་རྩོད་གཞི་ཞིག་འདྲི་ཞིབ་མཇུག་བསྒྲིལ་ཏེ། ཕྱོགས་གཉིས་པོའི་ཁེ་ཕན་དོ་སྙོམས་པ་དང་དྲང་བདེན་ཡིད་རྟོན་གྱི་རྩ་དོན་མཐའ་འཁྱོངས་བྱས་པའི་རྨང་གཞིའི་ཐོག་འགལ་ཟླ་འོས་འཚམ་གྱིས་བསལ་བ་མ་ཟད། རྒྱ་ཆེའི་མང་ཚོགས་ལའང་ཡིད་རྟོན་གྱི་བདེ་འཇགས་ཡག་པོ་སྲུང་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
གྱོད་གཞིའི་གཞི་རྩའི་གནས་ཚུལ། ཞུ་སྦྱོར་སྔ་མ་དོན་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་སངས་ཆེ་གེ་མོ་ནི་གྲོང་ཚོ་གཅིག་གི་ཡུལ་མི་ཡིན་པ་དང་དུས་རྒྱུན་འབྲེལ་བ་ཅུང་ཡག་པོ་ཡོད་པ་རེད། དེ་ཡང་ཞུ་སྦྱོར་ཕྱི་མ་སངས་ཆེ་གེ་མོའི་ཡིད་རྟོན་ལ་སྐྱོན་ཆ་ཕྲན་བུ་ཡོད་པས། 2024ལོའི་ལོ་སྟོད་དུ་རླངས་འཁོར་འཛད་སྤྱོད་ཀྱི་དངུལ་བུན་རྒྱུན་གཏན་ལྟར་གཡར་མི་ཐུབ་སྟབས། སངས་ཆེ་གེ་མོས་རང་འགུལ་ངང་ཞུ་སྦྱོར་སྔ་མ་དོན་ཆེ་གེ་མོ་བཙལ་ནས་རོགས་པ་བྱེད་རོགས་བཤད། དེས་ན། གྲོས་མོལ་བྱས་རྗེས། ཞུ་སྦྱོར་སྔ་མའི་མིང་ཐོག་ནས་དངུལ་བུན་གཡར་བ་དང་རླངས་འཁོར་ཞུ་སྦྱོར་ཕྱི་མས་ཉར་ནས་སྤྱོད་རྒྱུ་བྱས་པ་དང་། དངུལ་བུན་གྱི་མ་སྐྱེད་ཚང་མ་ཞུ་སྦྱོར་ཕྱི་མས་དུས་ལྟར་འཇལ་རྒྱུའི་ཁ་ཆད་བྱས་པ་རེད།
ཕྱོགས་གཉིས་ཀས་ཁ་ཆད་བྱས་རྗེས། ཞུ་སྦྱོར་སྔ་མས་རང་ཉིད་ཀྱི་མིང་ཐོག་ནས་དངུལ་རྩའི་ལས་ཁུངས་ནས་བུན་དངུལ་གཡར་ཏེ་ཕི་ཁ་རླངས་འཁོར་གཅིག་ཉོས་པ་དང་། རླངས་འཁོར་ལག་ཏུ་འབྱོར་རྗེས་དུས་ཡུན་རིང་པོ་ཞུ་སྦྱོར་ཕྱི་མས་བཏང་བ་རེད། དང་ཐོག་ཞུ་སྦྱོར་ཕྱི་མས་ཁ་ཆད་ལྟར་བུན་དངུལ་ཁག་གཅིག་སྤྲད་ཡོད། ཡིན་ནའང་དངུལ་བུན་འཇལ་ཐེངས་13པ་ནས་བཟུང་བསྟུད་མར་དུས་ཆད་ལྟར་སྤྲད་མེད། དེར་བརྟེན། དངུལ་ཁང་གིས་དངུལ་བུན་ལེན་མཁན་ཞུ་སྦྱོར་སྔ་མར་ཡིད་རྟོན་མི་ལེགས་པའི་ཟིན་ཐོ་བཀོད་པ་དང་དངུལ་ཁང་གཱ་བསྡམས་བཅད་བྱས་པས། ཞུ་སྦྱོར་སྔ་མའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། དུས་ཡོལ་དང་ཡིད་རྟོན་ལ་སྐྱོན་བརྒྱབ་པའི་གནད་དོན་ཐག་གཅོད་བྱ་ཆེད། ཕྱོགས་གཉིས་ཀས་རང་མོས་ཀྱིས་ཡིག་ཐོག་ནས་གྲོས་མོལ་བཞག་སྟེ། ཞུ་སྦྱོར་ཕྱི་མས་དུས་ཚོད་ཡོལ་བའི་བུ་ལོན་གཙང་མ་འཇལ་བ་མ་ཟད་ཞུ་སྦྱོར་སྔ་མའི་ཡིད་རྟོན་ལ་སྐྱོན་བརྒྱབ་པར་སྐྱིན་ཚབ་འཇལ་རྒྱུའི་ཁ་ཆད་བྱས། འོན་ཀྱང་ཞུ་སྦྱོར་ཕྱི་མས་ཁ་དན་ཚིག་ལ་གནས་མེད། དེས་ན། ཞུ་སྦྱོར་སྔ་མ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ནས་དུས་ཚོད་ཡོལ་བའི་དངུལ་བུན་ཁག་གཅིག་སྤྲོད་རོགས་བྱས་རྗེས་རླངས་འཁོར་ཚུར་བླངས་པ་མ་ཟད་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ། ཞུ་སྦྱོར་ཕྱི་མས་བཙན་སྐུལ་ཕོག་པ་དང་དྲང་སྙོམས་མ་བྱུང་བར་ཁ་གཡར་ནས་ཞུ་སྦྱོར་སྔ་མ་ཁྲིམས་ལ་སྦྱར་ནས། སྔོན་གྱི་གྲོས་མོལ་རྩིས་མེད་དུ་གཏོང་དགོས་པ་མ་ཟད་རླངས་འཁོར་ལ་སྤྲད་ཟིན་པའི་དངུལ་ཚུར་སློག་དགོས་པའི་རེ་བ་བཏོན་པས། ཕྱོགས་གཉིས་དབར་གྱི་འགལ་ཟླ་སྔར་བས་ཛ་དྲག་པར་གྱུར།
ཁྲིམས་ཁང་གིས་ཞིབ་གཅོད་བྱས་དོན། གྱོད་གཞི་བདག་སྤྲོད་བྱས་རྗེས་འགན་སྒྲུབ་ཁྲིམས་དཔོན་གྱིས་གྱོད་གཞིའི་གནས་ཚུལ་དང་གཏན་འཁེལ་དཔང་རྟགས་གསེད་བཀྲོལ་ནན་ཏན་བྱས་ཏེ། 《གྲོས་དོན་ཡིག་ཆའི》ནུས་པ་དང་། མིང་གཡར་ནས་དངུལ་བུན་སྐྱི་བའི་འགན་འཁྲིའི་དབྱེ་འབྱེད། ཡིད་རྟོན་གྱི་གྱོང་གུན་གཏན་འཁེལ། རླངས་འཁོར་གྱི་བདག་དབང་གཏན་འཁེལ་སོགས་ཀྱི་གནད་དོན་ལ་གཙོ་བོར་དམིགས་ནས་ཞིབ་བཤེར་ཞིབ་ཕྲ་བྱས་པ་རེད། ཕྱོགས་གཉིས་པོ་གྲོང་ཚོ་གཅིག་པ་ཡིན་པར་གཞིགས་ནས། འགལ་བ་སེལ་གང་ཐུབ་དང་ཞུ་གཏུག་གི་ངལ་བ་ཆུང་དུ་གཏོང་ཆེད། ཁྲིམས་ཁང་གིས་འདུམ་འགྲིག་སྔོན་འགྲོ་དང་འདུམ་དཔྱད་ཟུང་འབྲེལ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཕྱོགས་གཉིས་པོར་བཅའ་ཁྲིམས་འགྲེལ་བཤད་ཐེངས་མང་བརྒྱབ་པ་དང་མིང་གཡར་ནས་དངུལ་བུན་སྐྱི་བའི་བཅའ་ཁྲིམས་ཀྱི་ཉེན་ཁ་དང་། ཁ་དན་ཚིག་གནས་ཀྱིས་ཁ་ཆད་ལག་བསྟར་བྱེད་དགོས་པའི་བཅའ་ཁྲིམས་ཀྱི་འོས་འགན། དེ་བཞིན་ཡིད་རྟོན་ལ་སྐྱོན་བརྒྱབ་པའི་ལྡོག་ཏུ་མེད་པའི་མཇུག་འབྲས་བཅས་གསལ་བཤད་གང་ལེགས་བྱས་པ་རེད།
མཇུག་ཏུ་གྱོད་གཞི་དེ་འདུམ་འགྲིག་རྣམ་པའི་ཐོག་ནས་གྱོད་ཐག་ཡག་པོ་ཆོད་ཅིང་། ཞུ་སྦྱོར་སྔ་མའི་ཡིད་རྟོན་ལ་སྐྱོན་བརྒྱབ་པའི་དངོས་ཡོད་ཀྱི་གྱོང་གུན་ཁ་གསབ་ཐུབ་ཡོད་ལ། ཕྱོགས་གཉིས་ཀའི་རྒྱུ་ནོར་གྱི་ཁེ་ཕན་ལུགས་མཐུན་ངང་དོ་སྙོམས་བྱུང་སྟེ། གྱོད་མཇུག་སྒྲིལ་བ་དང་འགལ་བ་བསལ་ནས་ཁྲིམས་ལུགས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་ཐོན་ཡོད།
ཁྲིམས་དཔོན་གྱིས་དྲན་སྐུལ་བྱས་དོན། རྒྱ་ཆེའི་མང་ཚོགས་ཀྱིས་མིང་གཡར་ནས་དངུལ་བུན་སྐྱི་བ་དང་། གཱ་བཟོ་བ། ཁག་ཐེག་བྱེད་པ་བཅས་གཏན་ནས་བྱེད་མི་རུང་བ་དང་། མི་གཞན་གྱི་ངོ་མ་ཆོག་པར་རང་ཉིད་ཀྱི་ཡིད་རྟོན་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྐྱོན་མི་ཐེབས་པ་བྱེད་དགོས། ཡིད་རྟོན་གྱི་མཐའ་ཚད་བརྟན་སྲུང་གིས་དངུལ་བུན་གཏོང་ལེན་གྱི་ཉེན་ཁ་ལས་རྒྱང་དུ་བྲལ་ཚེ། གཞི་ནས་བློ་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་ཐུབ།
འབྲེལ་ཡོད་གསར་འགྱུར།