ཁྱིམ་གཞིས་དྲོན་མོར་གཏམ་བཟང་འབྱོར། འབད་འཐབ་སེམས་ཤུགས་ཆེས་ཆེར་འཕེལ།
—— བཀྲ་ཤིས་རྒྱལ་མཚན་གྱིས་ལས་གནས་བརྟན་སྲུང་དང་འགན་འཁྲི་ཧུར་ཐག་ཁུར་ནས་རྒྱལ་མཚམས་བརྟན་སྲུང་བྱས་ པའི་སྐོར་བཀོད་པ།

འདི་ནི་བཀྲ་ཤིས་རྒྱལ་མཚན་དང་ཁོང་གི་ནང་མི་ཡིན་པ།
ཉེ་ཆར། ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐོབ་མཁན་མི་དམངས་ཉེན་རྟོག་པ་བཀྲ་ཤིས་རྒྱལ་མཚན་ལ་བྱས་རྗེས་བཞག་པའི་གཏམ་བཟང་ཁྱབ་བསྒྲགས་བྱས་པ་དང་གཟེངས་རྟགས་སྤྲད་པ་རེད། གཟི་བརྗིད་མཚན་སྙན་དེ་ཆེད་མངགས་བྱས་རྗེས་འཇོག་མཁན་གྱི་ཁྱིམ་དུ་བསྐྱལ་ཏེ། རྩ་འཛུགས་ཀྱི་ཐུགས་ཁུར་དང་ཁས་ལེན་གང་ལེགས་བྱས་པ་ནང་མིས་ཤེས་པར་བྱས་པར་ཁོང་དང་ནང་མིར་སེམས་འགུལ་ཚད་མེད་ཐེབས་པ་རེད།
མིག་སྔར། བཀྲ་ཤིས་རྒྱལ་མཚན་གྱིས་ལྷ་ས་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལས་སྒྲུབ་རུ་ཁག་གསུམ་པའི་རུ་དཔོན་གཞོན་པའི་འགན་འཁུར་བཞིན་ཡོད་པ་དང་། ཉེན་རྟོག་པའི་ལས་ལ་གཞོལ་བའི་ལོ་བཅུ་བཞི་ཡི་རིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་ས་མཐོའི་འགག་སྒོའི་འཐབ་ས་དང་པོར་གཞིས་ཚུགས་པ་དང་། ར་སྤྲོད་ལས་སྟེགས་གཡུལ་སར་བྱེད་པ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ཉམས་སད་ཐེག་ཐུབ་པའི་ཆེད་ལས་ཀྱི་འཇོན་ཐང་། “མིག་ཟུང་རྣོན་པོ” བཅས་ལ་བརྟེན་ནས། ཞིབ་ཕྲ་ཆེ་སར་བདེན་རྫུན་དབྱེ་འབྱེད་བྱེད་པ་དང་། རྙོག་འཛིང་ཆེ་བའི་གནས་ཚུལ་ནས་དོགས་གནད་གཏན་འཁེལ་བྱེད་པ། ལས་གནས་བརྟན་སྲུང་དང་འགན་འཁྲི་ཧུར་ཐག་ཁུར་ཏེ། གངས་ལྗོངས་ས་མཐོའི་རྒྱལ་མཚམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད། ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པའི་དབང་གིས་ཁོང་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་གནས་སྤོས་མི་སེར་དོ་དམ་སྒྲིག་གཞིའི་གྲུབ་འབྲས་མངོན་གསལ་དོད་པའི་གཞོན་ནུ་མི་སྒེར”དང་བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི“བཟང་པོ་བཞི་ལྡན”གྱི་གུང་ཁྲན་ཏང་ཡོན་བཅས་ལ་བདམས་པ་དང་། ཉེ་ཆར་སླར་ཡང་རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ཅུས་ཀྱི་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐོབ་པ་རེད།
གཟི་བརྗིད་མཚན་སྙན་དེ་དག་ཐོབ་པའི་རྨང་གཞི་ནི་བློ་རྩེ་གཅིག་སྒྲིམ་གྱིས་ལས་གནས་བརྟན་སྲུང་དང་སྐབས་བསྟུན་ཐག་གཅོད་ཐེངས་མང་བྱས་པས་རེད། 2025ལོའི་ཟླ་8པའི་ཕྱི་དྲོ་ཞིག་ལ་ལྷ་ས་གོང་དཀར་གནམ་ཐང་འགག་སྒོའི་མི་ཚོགས་གོ་རིམ་དང་ལྡན་པའི་ངང་འགྲོ་འོང་བྱེད་བཞིན་ཡོད་པ་དང་། བཀྲ་ཤིས་རྒྱལ་མཚན་གྱིས་སྔར་རྒྱུན་བཞིན་ལས་གནས་བརྟན་སྲུང་གིས་འགྲུལ་པའི་ཐོབ་ཐང་ཞིབ་བཤེར་ལས་དོན་ནན་ཏན་སྤེལ་བཞིན་པའི་སྐབས་སུ། ཁོང་གིས་འགྲུལ་པ་ཞིག་ལ་སྐད་ཆ་དྲིས་ནས་ཞིབ་བཤེར་བྱེད་རིང་ཕ་རོལ་པོའི་རྒྱུན་གཏན་མིན་པའི་རྣམ་འགྱུར་ལས་ཁོ་པར་གནད་དོན་ཡོད་པ་ཤེས།
ངང་རྒྱུད་རིང་པོས་ཞིབ་བསྡུར་ཞིབ་ཚགས་བྱས་པ་བརྒྱུད། མི་གཞན་གྱི་ཐོབ་ཐང་ལ་བརྫུས་པའི་གྱོད་གཞི་ཞིག་རྩད་ཆོད་པ་རེད། ཕ་རོལ་པོས་རང་ལ་གནད་དོན་ཡོད་པ་དེ་མ་ཉིད་དུ་ཇི་ལྟར་ཤེས་མིན་སྐོར་དྲི་སྐབས། བཀྲ་ཤིས་རྒྱལ་མཚན་གྱིས་སེམས་ལྷོད་པོའི་ངང“ཚོར་སྣང་དང་ཉམས་མྱོང་ལས་བྱུང”ཞེས་ཚིག་ཐག་ཆོད་པོས་བཤད།
ཉེ་བའི་ལོ་ཤས་རིང་། རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་གྱི་ཁྲིམས་འཛིན་ལས་སྒྲུབ་ལས་དོན་སྤེལ་རིང་གྲངས་གཞི་ཆེ་མོ་དང་མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་སྤྱོད་འགོ་ཚུགས་པ་དང་། རིག་ནུས་ཅན་གྱི་ཞིབ་བཤེར་དེ་འགག་སྒོའི་དོ་དམ་ཚོད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བའི་འཕེལ་ཕྱོགས་གསར་པར་གྱུར་ཡོད། བཀྲ་ཤིས་རྒྱལ་མཚན་གྱིས་སྲོལ་རྒྱུན་ལས་སྒོར་འབད་འབུངས་བྱེད་པ་དང་ཆབས་ཅིག རང་འགུལ་ངང་ལས་ཞོར་གྱི་དུས་ཚོད་སྤྱད་དེ་གཞི་གྲངས་དབྱེ་ཞིབ་ལག་རྩལ་ལ་བརྩོན་ཞིབ་དང་རིག་ནུས་ཞིབ་བཤེར་མ་ལག་འཁོར་རྒྱུག་གི་རྩ་བའི་རིགས་པར་སློབ་སྦྱོང་ནན་ཏན་བྱས་ནས་དུས་རབས་གསར་པའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ལས་དོན་གྱི་བླང་བྱ་དང་མཐུན་གང་ཐུབ་བྱེད་བཞིན་ཡོད།
བཀྲ་ཤིས་རྒྱལ་མཚན་གྱི་སྣེ་ཁྲིད་དང་ཤུགས་རྐྱེན་འོག ལས་སྒྲུབ་རུ་ཁག་གསུམ་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཉེ་བའི་ལོ་ཤས་རིང་། ཁོང་གིས་ལས་རོགས་དང་མཉམ་དུ་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ཀྱི་ཉེས་གསོག་པ་མི་ཐེངས་40ལྷག་ཙམ་བཀག་འགོག་དང་ཁོ་ཚོར་རྡུང་རྡེག་བཏང་ནས་འགག་སྒོའི་རྒྱུན་གཏན་གྱི་རྒྱལ་མཚམས་འཛུལ་སྒྲོལ་གྱི་སྒྲིག་ལམ་ཡག་པོ་བསྲུངས་ཡོད། གྲུབ་འབྲས་དེ་ལྟ་བུ་ནི་ཁོང་གིས་ལོ་བཅུ་བཞི་ཡི་ཉེན་རྟོག་པའི་ལས་དོན་ནང་སྔ་ས་ནས་ཡང་ཡང་མཐོང་རྒྱུ་ཡོད།
བྱས་རྗེས་རིམ་པ་གཉིས་པའི་བྱ་དགའི་གཟེངས་རྟགས་ལག་ཏུ་ཉར་བའི་བཀྲ་ཤིས་རྒྱལ་མཚན་གྱིས་སེམས་འགུལ་ཆེན་པོས། གཟི་བརྗིད་མཚན་སྙན་དེ་ལས་རང་ཉིད་ལ་གཟི་བརྗིད་དང་། སྐུལ་ལྕག གྲུབ་འབྲས་བཅས་ཆེན་པོ་ཐོབ་བྱུང་། གྲུབ་འབྲས་དེ་དག་ལས་རོགས་ཚོ་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་དང་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། ནང་མིའི་བློས་གཏོང་དང་བསམ་ཤེས་དང་། རྩ་འཛུགས་ཀྱི་ཐུགས་ཁུར་དང་། གསོ་སྐྱོང་། ཁས་ལེན་གང་ལེགས་བཅས་བྱས་པ་དང་ཡང་དེ་བས་ཁ་འབྲལ་ཐབས་མེད། གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པ་ཞིག་ཡིན་པའི་ངས་སྲུང་སྐྱོང་བྱེད་པ་ནི་རྒྱལ་མཚམས་ཀྱི་བདེ་འཇགས་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་རེད། སླད་ཕྱིན་མུ་མཐུད་འཐབ་ས་དང་པོར་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ། ཚད་གཞི་དེ་བས་མཐོ་པོས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ། རྩ་འཛུགས་ཀྱི་ཡིད་ཆེས་དང་མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།