དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་གྱོད་གཞིའི་འདྲི་གཅོད་སྤུས་འབྲས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-12

    ཉེ་ཆར། གསར་འགོད་པར་བོད་ལྗོངས་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་འདྲི་གཅོད་ལས་དོན་གྱི་ཕན་འབྲས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2021ལོ་ནས་2025ལོའི་བར། ལྗོངས་ཡོངས་ཀྱི་རིམ་གསུམ་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་དང་འབྲེལ་བའི་དམངས་དོན་དང་ཉེས་དོན་གྱོད་གཞི་ཁྱོན་བསྡོམས་1595བདག་སྤྲོད་བྱས་པ་དེ་ལོ་ལྔ་ཡི་གོང་གི་དུས་མཚུངས་ལས་1099.25%འཕར་བ་དང་འཕར་ཚད་ལྡབ་11ཙམ་ཟིན་ཞིང་། དམངས་དོན་གྱོད་གཞིའི་འདྲི་གཅོད་དུས་འཁོར་དེ་ཁྲིམས་གཏན་འཁེལ་བའི་འདྲི་ཚད་ལས་ཕྱེད་ཀས་ཐུང་བ་ཡོད་པ་དང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་གྱོད་གཞི་བདག་སྤྲོད་བྱས་འབོར་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ནས་འདྲི་གཅོད་ཀྱི་སྤུས་འབྲས་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

    ལོ་5ཡི་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་དོན་འདྲི་གཅོད་དིང་གསུམ་པའི་སྒྲིག་གཞི་འཛུགས་ལུགས་དང་ཤེས་བྱའི་བདག་དབང་གི་འདྲི་གཅོད་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བས་ཤེས་བྱའི་བདག་དབང་གི“གསུམ་ཟླ་སྒྲིལ”གྱི་འདྲི་གཅོད་ལམ་སྲོལ་རིམ་བཞིན་ཆགས་པ་དང་། ཤེས་བྱའི་བདག་དབང་གི་གྱོད་གཞི་དྲ་ཐོག་ནས་གྱོད་ཐོ་འགོད་པ་དང་། ས་ཁོངས་བསྒྲལ་ནས་གྱོད་ཐོ་འགོད་པ། གློག་རྡུལ་ནས་བསྐུར་བ། དྲ་ཐོག་ནས་འདྲི་གཅོད་བྱེད་པ་སོགས་ཀྱི་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ“པར་དབང་གི་AIརིག་ནུས་འདྲི་གཅོད”ལྗོངས་ཡོངས་སུ་སྤྱོད་རྒྱུ་ཁྱབ་གདལ་བཏང་ནས་ཤེས་བྱའི་བདག་དབང་གི་འདྲི་གཅོད་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་བ། ཆད་གཅོད་རང་བཞིན་གྱི་སྐྱིན་གསབ་ཁྲིམས་ལྟར་སྤྱད་པས་དབང་གནོད་ཀྱི་སྐྱིན་གསབ་གྲངས་འབོར་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཉེས་དོན་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་རྡོ་ཐ་དང་། ཁྲུས་ཆས། དྲོད་ལེན་ཡོ་ཆས་སོགས་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་གི་ཉེས་གསོག་ཁྲིམས་ལྟར་འདྲི་ཞིབ་མཇུག་བསྒྲིལ་ཏེ་དམངས་འཚོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཁོངས་མི་དང་། ཡོན་ཀྲང་གཞོན་པ། རིམ་པ་དང་པོའི་མཐོ་རིམ་ཁྲིམས་དཔོན་བཅས་ཡིན་པའི་བསོད་ནམས་སྐྱིད་ཀྱིས“ལོ་5ཡི་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་བོད་ཀྱི་ཤེས་བྱའི་བདག་དབང་གི་འགོག་སྲུང་འཛིང་རགས་བརྟན་དུ་མཐའ་གཅིག་ཏུ་བཏང་ནས་གསར་གཏོད་ཀྱི་ས་བོན་བརྟན་པོ་སྲུང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་དྲ་སྦྲེལ་དང་། མི་ཐབས་རིག་ནུས། གྲངས་གཞིའི་རྩིས་རྒྱག་སོགས་དང་འབྲེལ་བའི་མཐོ་གསར་ལག་རྩལ་ཁྱབ་ཁོངས་ལ་དམིགས་ནས་འདྲི་གཅོད་ལག་ལེན་གྱི་ཉམས་མྱོང་རྒྱུན་མཐུད་བསགས་པ་དང་། ཚན་རྩལ་གྱི་གྲུབ་འབྲས་དེ་ཤེས་བྱའི་བདག་དབང་གི་ཁྲིམས་སྐྱོང་བགྲོད་ལམ་ཐོག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་བྱས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།