“རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་མཁན་བུ་ཁྲིད་ཀྱིས་ཁྲིམས་འཛིན་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གཞོན་ནུའི་འབྱུང་འགྱུར་གྱི་འཚོ་བར་དྲོ་སྐྱིད་སྦྱིན་པ།
ཞོགས་པའི་སྐྱ་མདའ་གཏོང་སྐབས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བཅའ་ཁྲིམས་གཏུག་བཤེར་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཆ་འཕྲིན་ཁྲུའུ་ཡི་ཁྲུའུ་ཀྲང་བུ་ཁྲིད་ཀྱིས་འཚོ་བའི་མཁོ་ཆས་བླུགས་པའི་ཁུག་མ་ཆེན་པོ་གཉིས་ཁྱེར་ནས་བྲེལ་འཚུབ་ངང་ན་གཞོན་བསྟན་འཛིན(མིང་ཚབ)གྱི་ཁྱིམ་དུ་བསྐྱོད།
འདི་ནི་ཁོང་སྐྱོད་ཐེངས་དང་པོ་ག་ལ་ཡིན། ལོ་གསུམ་རིང་ཁོང་གི་གཟུགས་བརྙན་ས་མཐོའི་ཉི་འོད་དང་འདྲ་བར་གཞོན་ནུ་དབང་པོ་སྐྱོན་ཅན་ཞིག་གི་འབྱུང་འགྱུར་གྱི་འཚོ་བ་གསར་པའི་ལམ་བུ་གསལ།
2017ལོར། བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་གིས་ལོ་15ལ་སླེབས་པའི་བསྟན་འཛིན་གྱི་རྐང་པ་གཉིས་ཀ་ཤོར། པེ་ཅིང་ནས་སྨན་བཅོས་བྱས་ཏེ་ལྷ་སར་ལོག་རྗེས་ཁོང་ཉིན་ལྟར་རྐུབ་སྟེགས་འཁོར་ལོ་ཅན་ལ་བསྡད་ནས་སྒེའུ་ཁུང་ཕྱི་རོལ་དུ་འཕུར་བའི་བྱ་བྱིའུ་ལ་ལྟ་རྒྱུ་ལས་མ་འདས། སེམས་གཅོང་དུ་གྱུར་ནས་རྡོག་ཁྲེས་ལྕི་པོ་ཞིག་གིས་མནན་པ་ལྟར་སྣང་། ང་རང་ལོ་ཉི་ཤུ་ཙམ་ལ་སླེབས་ཙམ་རེད་ཅེས་སྙམ་བྱུང”ཞེས་སྐབས་དེ་དུས་ཀྱི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་བསྟན་འཛིན་གྱིས་འདར་སྐད་རྒྱག་བཞིན་དེ་ལྟར་སྨྲས།
རེ་ཐག་ཆད་སྐབས། ཁོང་གིས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་བརྩོན་ལེན་བྱ་རྒྱུའི་གདམ་ག་བྱས། འོན་ཀྱང་དུས་ཡུན་རིང་པོའི་གཏུག་བཤེར་དང་ལུས་སེམས་གཉིས་ཀྱི་གནོན་ཤུགས་ཀྱིས་ཁོང་ག་བྱེད་འདི་བྱེད་མེད་པའི་གནས་སུ་གྱར།
2023ལོར་སླེབས་སྐབས་ལས་དབང་ལ་འགྱུར་ལྡོག་འགྲོ་འགོ་ཚུགས། བུ་ཁྲིད་དང་བསྟན་འཛིན་ཐོག་མར་འཕྲད་སྐབས“བསྟན་འཛིན་དང་ངའི་བུ་མོ་གཉིས་ན་མཉམ་རེད་འདུག མི་འདྲ་ས་ནི་ངའི་བུ་མོ་སློབ་ཆེན་གྱི་སློབ་རའི་ནང་དགའ་སྤྲོའི་ངང་སློབ་ཆེན་འཚོ་བར་རོལ་མོད། འོན་ཀྱང་བསྟན་འཛིན་རྐུབ་སྟེགས་འཁོར་ལོ་ཅན་གྱི་སྟེང་དུ་ལུས་ཏེ་ཕྱི་རོལ་གྱི་འཇིག་རྟེན་ལ་ཡང་མྱོང་རོལ་དཀའ་བར་གྱུར་པ་ཡིད་ལ་ཝ་ལེར་འཆར” དེའི་ཚེ། ཁོང་གིས་ཕྲུ་གུ་དེ་ཡིད་མུག་གི་གནས་ལས་གྲོལ་ཏེ་སླར་ཡང་འཚོ་བར་རེ་བས་ཁེངས་པ་དང་སྤྱི་ཚོགས་ནང་ཞུགས་པར་རོགས་རམ་བྱ་རྒྱུའི་སེམས་ཐག་བཅད།
དེ་ནས་བཟུང་། བསྟན་འཛིན་གྱི་ཁྱིམ་དུ་བསྐྱོད་རྒྱུ་བུ་ཁྲིད་ཀྱི་ཉིན་རེའི་ལས་རིམ་གལ་ཆེན་དུ་གྱུར། ཁོང་གིས་རང་འགུལ་ངང་སྒོ་རྩར་ཡང་ཡང་ཡོང་ནས་བསྟན་འཛིན་ཁྱིམ་ཚང་གི་དཀའ་ངལ་ཤེས་རྟོགས་བྱས། ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་གཅིག་པུ་ཡིན་པའི་བསྟན་འཛིན་གྱི་ཨ་ཕ་བུར་ལྟ་རྟོག་བྱེད་དགོས་པའི་དབང་གིས་ཕྱིར་ལས་ཀ་འགྲོ་མཚམས་འཇོག་དགོས་བྱུང་བས་ཁྱིམ་ཚང་ཡོངས་ཀྱི་དཔལ་འབྱོར་ཡོང་ཁུངས་མེད་པར་གྱུར། དབང་པོ་སྐྱོན་ཅན་དུ་གྱུར་པའི་དབང་གིས་བསྟན་འཛིན་གྱི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ནས་ཐང་སྟོང་དུ་ལུས་པའི་བྱིའུ་ཕྲུག་ལྟ་བུར་གྱུར།
བུ་ཁྲིད་ཀྱིས་རྒྱུན་གཏན་ལྟར་ཁ་ཏ་བསླབ་བྱ་མ་བྱས་པར་བསྟན་འཛིན་དང“ཆ་སྒྲིག་གཉེན་ཉེ”བྱས་ནས་རོགས་སྐྱོར་བྱེད་པ་དེ་གཉེན་ཉེའི་བརྩེ་བར་གྱུར་ནས། རྒྱུན་དུ་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚོ་བའི་མཁོ་ཆས་སྐྱེལ་བ་དང་། གྲང་ངར་ཆེ་བའི་དགུན་ཁར་སྲིང་བལ་གྱི་ཉལ་གོས་སྐྱེལ་བ། ཟླ་རེར་རང་གིས་དངུལ་བཏང་ནས་དུས་བཀག་ལྟར་བསྟན་འཛིན་ལ་ལག་དངུལ་སྤྲོད་པ། བསྟན་འཛིན་དཔེ་དེབ་ཀློག་རྒྱུར་དགའ་པོ་ཡོད་པ་ཤེས་རྗེས་ཆེད་མངགས་ཁོང་ལ་བཅའ་ཁྲིམས་དང་སེམས་ཤུགས་སྐྱེད་པའི་གཏམ་རྒྱུད་སྐོར་གྱི་དཔེ་དེབ་སྤྲོད་ཀྱི་ཡོད། ཡུན་རིང་རྒྱུན་འཁྱོངས་བྱས་མཐར་བསྟན་འཛིན་གྱི་སེམས་ཀྱི་སྒོ་མོ་རིམ་བཞིན་ཕྱེ་འགོ་ཚུགས།
འཚོ་བའི་ཐད་ཀྱི་རོགས་སྐྱོར་ཁོ་ནར་བརྟེན་ན་གཏན་ནས་མི་འགྲིག་པ་བུ་ཁྲིད་ཀྱིས་གསལ་པོར་ཤེས་ཀྱི་ཡོད། བསྟན་འཛིན་སྔ་ཙམ་འཚོ་བ་གསར་པ་སྐྱེལ་ཐུབ་པར་བྱ་ཆེད། ཁོང་གིས་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ། བསྟན་འཛིན་ལ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དངུལ་རེ་ཞུ་བྱས་ནས་དཔལ་འབྱོར་ཐད་ཀྱི་དཀའ་གནད་ལས་སྒྲོལ་རོགས་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱས་ཏེ་བསྟན་འཛིན་གྱི་ལས་ཞུགས་དཀའ་གནད་ཐག་གཅོད་སོགས་བྱས་ཡོད། སྤེལ་རེས་ཐེངས་མང་བྱེད་རིང་བུ་ཁྲིད་ཀྱིས་ངང་རྒྱུད་རིང་པོས་བཅའ་ཁྲིམས་དང་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་པ་དང་། རྣ་བར་སྙན་ཞིང་ཡིད་ལ་འཇགས་པའི་སྐད་ཆ་བཤད་ནས་བསྟན་འཛིན་གྱི་སེམས་ཀྱི་མདུད་པ་འགྲོལ་ཐབས་བྱས།
ལོ་གསུམ་གྱི་དུས་ཚོད་ནང་བུ་ཁྲིད་ཀྱིས་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་བྱས་པས་བསྟན་འཛིན་གྱི་ནང་སེམས་ཀྱི་ལྕགས་སྒྲོག་གཞི་ནས་བཀྲོལ་ཐུབ། དེ་སྔ་སེམས་སྡུག་གིས་མནར་བའི་གཞོན་ནུ་དེ་ད་ཆ་གསར་འགོད་པ་དང་འཕྲད་སྐབས་རང་ཉིད་ཀྱི་འཚོ་བ་གསར་པའི་སྐོར་རང་འགུལ་ངང་གླེང་མཁན་ཞིག་ཏུ་གྱུར་པ་སྟེ། ཁོང་གིས“ཨ་ཅག་གིས་ང་ལ་སེམས་ཤུགས་སྤྲད་བྱུང་། ད་ཆ་ངས་སྒོར་7000ཟིན་པའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྣམ་གྲངས་ཤིག་བླངས་པ་མ་ཟད། ད་དུང་ལས་གཏོད་ཁྲོམ་བཀྱག་ལ་བརྟེན་ནས་ཁྱིམ་གྱི་འཚོ་བར་ཁ་གསབ་རགས་ཐབས་བྱེད་ཀྱི་ཡོད”ཅེས་བཤད། ཁོང་གི་ལག་ཐོགས་ཁ་པར་ནང་བུ་ཁྲིད་དང་སྐད་ཆ་ཤོད་རེས་བྱས་པའི་འཕྲིན་ཐུང་མང་པོ་ཉར་ཚགས་བྱས་འདུག དང་ཐོག་མར་ལན་སྟབས་བདེ་བརྒྱབ་པ་ནས་ད་ཆ་རང་འགུལ་ངང་རང་ཉིད་ཀྱི་འཚོ་བའི་བྱ་བ་ཆུང་ཙག་མཉམ་སྤྱོད་བྱེད་པའི་བར་གྱི་ཚིག་འབྲུ་རེ་རེ་ལས་འབྱུང་འགྱུར་འཚོ་བར་བཅངས་པའི་ཡིད་ཆེས་མངོན།
ཁྲིམས་ཁང་དུ་ལས་ཀ་བྱས་ནས་ལོ་20ལྷག་ཙམ་གྱི་ཉམས་མྱོང་ལྡན་པའི་བུ་ཁྲིད་ཀྱིས“དམངས་དོན་དུ་ཁྲིམས་འཛིན”ཞེས་པར་གོ་བ་དེ་བས་ཟབ་མོ་བླངས་ཡོད་དེ། ཁོང་གིས“བཅའ་ཁྲིམས་ལས་དོན་པ་ཞིག་ཡིན་པའི་ང་ཚོས་རྟག་ཏུ་བསམ་ཤེས་ཐུབ་པོ་མེད་ཙམ་མེད་པའི་མང་ཚོགས་དང་འབྲེལ་འདྲེས་བྱེད་དགོས་ཀྱི་ཡོད། འོན་ཀྱང་ང་ཚོས་ཆེད་ལས་ཀྱི་ཤེས་བྱ་དང་ཞིབ་ཚགས་ཀྱི་ལས་ཀ་སྒྲུབ་སྟངས་ལ་བརྟེན་ནས་རོགས་རམ་མཁོ་མཁན་ལ་རོགས་རམ་བྱེད་པ་དང་། ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོར་བརྟེན་ནས་བསམ་ཤེས་ཐུབ་ཐབས་བྱེད་ཀྱི་ཡོད། ཁོང་ཚོའི་འཛུམ་མདངས་ནི་ང་ཚོའི་ལས་ཀར་ཁས་ལེན་ཡག་ཤོས་བྱས་པ་ཞིག་རེད”ཅེས་བཤད།
གནམ་དང་ཐག་ཉེ་ཤོས་ཀྱི་ས་ཆ་འདིར་བུ་ཁྲིད་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་གཏུག་བཤེར་དང་འབྲེལ་བའི་ཡིག་བསྐུར་ཞུ་བཅར་ལས་བྱེད་པ་ཞིག་གི“དབང་ཆ་དམངས་ཀྱི་ཆེད་དུ་སྤྱོད་པ་དང་། བརྩེ་སེམས་དམངས་ལ་འཆང་བ། ཁེ་ཕན་དམངས་ལ་སྐྲུན་པའི”འགན་འཁྲི་དང་བྱ་སྤྱོད་ལག་ལེན་བསྟར་བཞིན་ཡོད། 2026ལོའི་ཟླ་5པར་བུ་ཁྲིད་ལ“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཅིང་། གཟི་བརྗིད་མཚན་སྙན་དེ་ནི་ཁོང་གིས་བགྲང་བྱ་ཉི་ཤུ་ལྷག་ཙམ་རིང་ཁྲིམས་འཛིན་གྱི་འཐབ་ས་དང་པོར་དཀའ་སྤྱད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་བྱས་པ་ཞིག་རེད་ལ། ཁོང་གིས་ལྷག་བསམ་ཟོལ་མེད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བཅངས་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ལས་དོན་སྒྲུབ་པར་གཟེངས་བསྟོད་བྱས་པ་ཞིག་དེ་བས་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།